ཆོས་ཚོགས་ཐོག་ྋགོང་ས་མཆོག་ཆིབས་བསྒྱུར།

དེའི་སྐབས་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་ཆོས་ཚོགས་ཐོག་གི་གྲོས་གཞི་ཁག་སྒྲོགས་སྦྱང་གནང་བ་དང༌། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད།
ྋགོང་ས་མཆོག་གིས་གསུང་དོན། “འདས་པའི་ལོ་ལྔ་བཅུ་ཞིག་འགྲོ་ཡི་ཡོད་པ་རེད། ༡༩༦༢ ལོ་ནས་ང་ཚོ་འཚོགས་ནས། དེའི་སྐབས་ང་ཚོ་ཚང་མ་འཐོམ་ཞེ་དྲག་སངས་ཡོད་པ་མ་རེད། ཡིན་ནའང་བཙན་བྱོལ་བ་ཆགས་བསྡད་ཡོད་པ་དང༌། ལས་སླ་བོ་མེད་པ་ཤེས་གསལ་རེད། དུས་ཡུན་གང་འཚམས་འགོར་རྒྱུ་ཡིན་པ་ཚོད་དཔག་བྱེད་ཐུབ་པ་རེད། བོད་ཀྱི་རང་དབང་འཐབ་རྩོད་དེ་སངས་རྒྱས་པའི་བསྟན་པ་དང་འབྲེལ་བ་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། བོད་མིའི་རྣམ་པ་ཟུར་གསལ་ཡོང་རྒྱུའི་ཤུགས་རྐྱེན་གཙོ་བོ་བོད་ཀྱི་སྐད་ཡིག་རེད། སྐད་ཡིག་གི་གཟི་བརྗིད་ངོམ་རྒྱུ་ཡོད་ས་གཙོ་བོ་དེ་ནང་དོན་རིག་པ་ཆགས་བསྡད་ཡོད་པ་རེད། སྐབས་དེར་གཞིས་ཆགས་ཀྱི་ལས་ཀ་བྱེད་རྒྱུ་དང༌། མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་རྒྱུའི་མཚོན་པས་ཅིག་བྱས་བསྡད་པ་དང༌། དེའི་སྐབས་ནས་ཆོས་ཚོགས་འཚོག་རྒྱུ་གལ་ཆེན་པོར་བརྩིས་ནས་འཚོགས་པ་རེད། ངས་ནམ་རྒྱུན་རིན་པོ་ཆེར་ཞུས་བསྡད་ཡོད། ང་ཚོ་བཙན་བྱོལ་བ་ཆགས་ནས་ལུང་པ་མེད་པའི་མི་རེད་མོད། ཕྱོགས་གཅིག་ནས་ང་ཚོ་ཚང་མ་ནང་ཚགས་ཆགས། ངོ་ཤེས་པ་ཆགས། དུས་དུས་སུ་ཐུག་ནས་གཅིག་གཅིག་ལ་སྡུག་སྐད་རྒྱག་རྒྱུ་འདྲ། སྔོན་མ་བོད་ནང་ཡིན་ན་ས་སྐྱ་རྫིག་པོ་འདྲ་བྱས་ནས་ཡ་གིར་བཞུགས། ཀརྨ་མ་པ་ཚུར་ཕྱོགས་ལ་རྫིག་པོ་འདྲ་བྱས་ནས་བཞུགས། དེ་འདྲ་བྱས་ནས་བསྡད་པ་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་དུས་དུས་སུ་ཐུག་ནས་སྡུག་སྐད་འདྲ་རྒྱག་གི་འགྲོ་བསྡད་པ་ཞིག་རེད། གནས་ཚུལ་དེའི་འོག་ནས་ང་ཚོ་ཆོས་བརྒྱུད་ཆེན་པོ་བཞི། གཡུང་དྲུང་བོན་དང་བཅས་པ་དངོས་ནས་དྲང་གནས་དམ་ཚིག་རྡོག་རྩ་གཅིག་བསྒྲིལ། བསམ་པ་རྣམ་དག་ཅིག་རིམ་པས་ཆགས་པ་རེད། སྐབས་རེར་དཀྲོག་གཏམ་དཀྲུག་ཤིང་ཡོང་སྡོད་ཀྱི་ཡོད་པ་རེད། དཔེར་ན། ང་ཚོས་ཆོས་ཚོགས་དང་པོ་འཚོགས་དུས། བདུད་འཇོམས་རིན་པོ་ཆེ་ཕེབས་ཡོད་པ་རེད། རྗེས་སུ་ངས་བདུད་འཇོམས་རིན་པོ་ཕལ་ཆེ་མཇལ་སོང༌། དེའི་སྐབས་རིན་པོ་ཆེས་གསུངས་སོང༌། རིན་པོ་ཆེ་ཆོས་ཚོགས་གྲོལ་བ་དང་ཀ་ལོན་སྦུག་ལ་ཕེབས་སྐབས། སློབ་མ་ཁ་ཤས་ཀྱིས་ད་ལྟ་དྷ་སར་ཆོས་ཚོགས་འཚོགས་ནས་ཆོས་བརྒྱུད་ཚང་མ་དགེ་ལུགས་པར་བསྒྱུར་རྒྱུར་གཏན་འབེབས་བྱས་པ་རེད་ཟེར་གྱི་འདུག ག་འདྲ་ཡིན་ན་ཞུས་འདུག རིན་པོ་ཆེས་ཆོས་ཚོགས་ལ་ང་ཕྱིན་པ་ཡིན། དེ་འདྲ་རྩ་བ་ནས་མ་རེད་གསུངས་པ་ཡིན་གསུངས་སོང༌། དེ་འདྲ་ཚོས་ལ་མ་ཚོས་པའི་སྐད་ཆ་བཤད་མཁན་ཡོང་གི་ཡོད་པ་རེད། རྩ་བའི་ང་ཚོ་འགན་ཡོད་པའི་བླ་ཆེན་རྣམ་པ་གཙོ་བོར་གྱུར་པའི་མཁན་པོ་དགེ་བཤེས་ཚང་མ་གཅིག་གཅིག་ལ་ཐེ་ཚོམ་དང་དོགས་པ་བྱས་ནས། ཐག་རིང་པོར་སྡོད་རྒྱུའི་དུས་ཚོད་དེ་ཡོལ་ནས། ཚང་མ་མཛའ་མཐུན་དམ་ཚིག་འོ་ཆུ་གཅིག་འདྲེས་ཡོད་པས། དེ་འདྲ་ཏོག་ཙམ་བཤད་པ་ཡིས་ཐལ་ཆ་མེད་པ་རེད། དེ་རིང་ཁ་སང་བོད་པའི་ནང་ནས་མ་ཚད་ཕྱི་རྒྱལ་ཚོའི་ནང་ལའང་དེ་འདྲ་བཤད་སྡོད་མཁན་འདུག ང་རང་ཚོ་དམ་ཚིག་འོ་ཆུ་གཅིག་འདྲེས་རེད། དེ་རྗེས་སུ་ཡི་རངས་ཀྱི་གནས་རེད། ང་རང་ཚོས་དགེ་བའི་ངོས་ནས་བཤད་ནའང་བློ་བདེ་བོ་འདུག་”ཅེས་གསུངས་སོང༌།
    ྋགོང་ས་མཆོག་གིས་མུ་མཐུད་གསུང་དོན། “མང་ཚོགས་ལ་ནང་ཆོས་ཀྱི་གོ་རྟོགས་གོང་མཐོར་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག རྩ་བའི་མི་རིགས་གང་དང་གང་ཡིན་ཡང་དེའི་ནང་གི་རིག་གཞུང༌། ལྷག་པར་ཆོས་བཤད་ཡོང་དུས། རྣམ་དཔྱོད་ཅན། རིག་པ་ཡོད་པ། བསོད་ནམས་ཡོད་པ་ཉུང་ཤས་ཤིག་རྐང་འཛིན་མཁན་དུ་དགོས་ཀྱི་ཡོད་པ་རེད། སངས་རྒྱས་ཀྱི་ཆོས་རྒྱ་གར་ལ་ཐོག་མ་དར་དུས། ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གཙོ་བོ་དགེ་འདུན་པའི་སྡེ་ལ་ངོས་འཛིན་གནང་ནས། དགེ་འདུན་པའི་སྡེ་བཙུགས་པ་རེད། ད་ལྟའང་སྤྱི་ཡོངས་ཀྱི་ཡུལ་མི་ཚང་མར་ནང་དོན་རིག་པའི་དོན་དག་ཤེས་པའི་ཐོག་ནས་དད་པ་ཐོབ་པ་ཞིག་ངེས་པར་དུ་བཟོ་དགོས་པ་རེད་ལ། བྱེད་ཐུབ་ཀྱི་རེད། ཡོང་གི་རེད། དེ་དང་ཆབས་ཅིག་དགོན་སྡེ་ཁག་གལ་ཆེན་པོ་རེད། ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པ་ཚོས་དམིགས་བསལ་གྱིས་འགན་བཞེས་ཏེ་འབྲེལ་བ་ཆགས་བསྡད་ཡོད་པ་རེད་”ཅེས་དང༌།
   “དེ་སྔོན་བོད་ལ་༡༩༤༩ འདས་པའི་ལོ་དྲུག་ཅུ་ཞིག་གི་བྱུང་བ་ལ་བལྟས་ན། དགོན་པ་སོ་སོ། ལུང་པ་སོ་སོ་བསྡད་པ་མ་གཏོགས། འཕྱར་བ་གྲུ་འདེགས་མ་བྱུང་བའི་རྐྱེན་གྱིས་འཐུས་ཤོར་མང་པོ་ཕྱིན་འདུག་”ཅེས་དང༌། “ང་ཚོ་བཙན་བྱོལ་བ་ཆགས་ནས་སྐྱབས་མེད་མགོན་མེད་འདི་འདྲ་ཡིན་པའི་ཁ་ཐུག་ལ་སོ་སོ་རང་མགོ་གང་ཐོན་བྱས་ན། ཏན་ཏན་གྱོང་རེད་འདུག་”ཅེས་དང༌། “གོང་བུའི་ནུས་པ་ཡོད་ན་བྱེ་བྲག་པ་ལ་ཕན་ཐོགས་ཡོང་གི་རེད་”ཅེས་དང༌། “ཆོས་ཕྱོགས་ཀྱི་སློབ་གསོ་ཞེ་དྲག་གལ་ཆེན་པོ་འདུག རྒྱ་ནག་ནང་ནས་ཡོང་བའི་རྒྱ་མི་ཞིག་ལ་ང་ཐུག་སོང༌། རྒྱ་ནག་ཏུ་བོད་ནས་ཡོང་བའི་དྷར་མ་རཛ་ཆོས་ཀྱི་རྒྱལ་པོ་ཡིན་ཟེར་མཁན་མང་པོ་འདུག རྫུ་འཕྲུལ་ཡོད། མཐུ་དང་ནུས་པ་ཡོད་ཟེར་མཁན་ཡོང་གི་འདུག ཡིན་གྱི་རེད་བསམས་ནས་ཤོག་བྱང་དམར་པོ་འདྲ་ཕུལ། དད་པ་བྱས་དུས། བླ་མར་སྒོར་མོ་དང་སྐྱེ་དམན་དགོས་ཀྱི་འདུག་ཟེར། དྷར་མ་རཛས་ག་འདྲ་གནང་གི་འདུག མཁྱེན་པའི་ཡོན་ཏན་ག་འདྲ་འདུག སྒྲུབ་པའི་ཡོན་ཏན་ག་འདྲ་འདུག བརྟག་དཔྱད་བྱེད་དགོས་པ་རེད། བརྟག་དཔྱད་བྱས་རྗེས་བཤེས་གཉེན་གྱི་འདུ་ཤེས་བཟུང་ཏེ་ཆོས་ཉན་དགོས་པ་རེད་”ཅེས་དང༌། “ཡང་བོད་པའི་བླ་མས་ཞབས་འདྲེན་ཞུ་ཡི་འདུག་ཟེར་ཡོང་གི་འདུག ཞབས་འདྲེན་ཞུ་མཁན་གསལ་བོ་བཟོ་དགོས་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་བརྩི་ཡི་ཡོད་པ་མ་རེད། ངོ་ཚ་ཁ་སྐྱེངས་བརྩི་མདོག་རེད། གསར་འགྱུར་ནང་དུ་བཀོད་ནས་གསལ་པོ་བཟོ་དགོས་པ་རེད། ཞབས་འདྲེན་ཞུ་མཁན་གསལ་པོ་ཐེར་འདོན་བྱེད་རྒྱུ་གལ་ཆེན་པོ་རེད། མང་ཚོགས་ཀྱིས་ཤེས་དགོས་པ་རེད་”ཅེས་སོགས་བླང་དོར་བཀའ་སློབ་གནང་ཡོད་པ་རེད། །

Share this:
༧༥ ཀློག་གྲངས།