སའི་གོ་ལའི་འཕེལ་འགྱུར་ཁྲོད་ཀྱི་བོད།

ཛམ་ལྷ་བསྟན་པ་རྒྱལ་མཚན། ཕྱི་དྲིལ་ཁོར་ཡུག་ཚན་པ།
སྔོན་གླེང་མདོར་བསྡུས།
བསྐལ་ བ་སྔ་མོའི་དུས་ཤིག་ལ་སའི་གོ་ལའི་སྒང་གི་གླིང་དང་གླིང་ཕྲན་ཡོངས་ས་ཕྱོགས་ གཅིག་ལ་མཉམ་དུ་འདུས་པའི་གླིང་ཤིན་ཏུ་ཆེན་པོ་ཞིག་ཡིན་ཡང་རིམ་པས་ཁ་གྱེས་ཏེ་ སིལ་བུ་འཐོར་སོང་འདུག དེ་བཞིན་བོད་ཀྱི་ཡུལ་འདི་ཡང་དང་ཐོག་འཛམ་བུ་གླིང་གི་ལྷོ་ཕྱོགས་སུ་ཨ་ཧྥ་རི་ ཀཱ་དང་ཨོ་སུ་ཊིར་ལི་ཡཱ་སོགས་དང་མཉམ་དུ་འབྱར་ནས་གནས་ཡོད་ཀྱང་། ས་ཕྱོགས་དེ་ནས་རིམ་བཞིན་ཁ་གྱེས་ཏེ་ད་ལྟར་གནས་བཞིན་པའི་ས་ཕྱོགས་སུ་སླེབས་ འདུག།

བོད་ཀྱི་ས་གཤིས་རིག་པའི་ལོ་རྒྱུས་སུ་ཡོད་པ་ལྟར། ད་ལྟའི་བོད་ཡུལ་འདི་ཆགས་ཡུལ་མི་འདྲ་བ་ལྔ་དང་གདོང་ཐུག་སྔ་ཕྱི་གཉིས་བཅས་དུས་ རབས་བདུན་ལ་དབྱེ་ན་གོ་བདེ་ཙམ་ཡོང་། བོད་ཀྱི་ཡུལ་འདི་ཆགས་ཡུལ་མི་འདྲ་བ་ལྔ་བྱུང་བའི་དབང་གི་བོད་ཀྱི་ནང་བཅུད་རྩི་ ཤིང་རི་དྭགས་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། དེ་བཞིན་གདོང་ཐུག་སྔ་ཕྱི་གཉིས་བྱུང་བའི་དབང་གི་ཕྱིའི་སྣོད་ལ་འགྱུར་ལྡོག་ ཆེན་པོ་བྱུང་ཡོད་པ་དཔེར་ན། གདོང་ཐུག་སྔ་མས་བོད་ཡུལ་རྒྱ་མཚོའི་འོག་ཏུ་བསྣུབས་པ་དང་། གདོང་ཐུག་ཕྱི་མས་བོད་ཡུལ་རྒྱ་མཚོ་དང་བྲལ་ནས་མཐོ་སྒང་ཞིག་ཏུ་བསྒྱུར་བ་བཅས་ སོ།།

དེ་ཡང་ཆགས་ཡུལ་ལྔ་ནི།
སའི་གོ་ལའི་ལྷོ་བརྒྱུད་དུ་ཆགས་པའི་བོད།
ཚ་བའི་ཡུལ་དུ་ཆགས་པའི་བོད།
རྒྱ་མཚོའི་འོག་ཏུ་ཆགས་པའི་བོད།
རྒྱ་མཚོའི་འགྲམ་དུ་ཆགས་པའི་བོད།
རྒྱ་མཚོ་དང་བྲལ་ནས་ཆགས་པའི་བོད།
གདོང་ཐུག་སྔ་ཕྱི་གཉིས་ནི།
རྒྱ་ནག་གླིང་ཕྲན་ལ་ཕར་གདོང་ཐུག་བརྒྱབ་པའི་གདོང་ཐུག་སྔ་མའི་དུས་རབས།
རྒྱ་གར་གླིང་ཕྲན་གྱིས་ཚུར་གདོང་ཐུག་བྱུང་བའི་གདོང་ཐུག་ཕྱི་མའི་དུས་རབས།

གླེང་གཞི་དངོས།
ལོ་ངོ་ཐེར་འབུམ་བཞི་དང་ཕྱེད་ (4.54 billion) ལྷག་ཙམ་གྱི་སྔ་རོལ་དུ་སའི་གོ་ལ་ཟླུམ་པོ་འདི་ཐོག་མར་ཆགས་འགོ་ཚུགས་པ་ནས་ བཟུང་། གོ་ལའི་ཕྱི་ངོས་ཀྱི་རྣམ་པར་རིམ་པས་འགྱུར་ལྡོག་སྣ་ཚོགས་བྱུང་སྟེ་གླིང་དང་ གླིང་ཕྲན། རྒྱ་མཚོ་ཆེ་ཆུང་འདྲ་མིན་ཞིག་གསར་དུ་ཐོན་པའམ་རིམ་པས་འཇིག་པ་སོགས་འཕེལ་འགྱུར་ གྱི་ལོ་རྒྱུས་སྙན་མོ་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་ཡོད་པའི་ཁྲོད། བོད་མཐོ་སྒང་གི་ས་གཤིས་ལོ་རྒྱུས་དང་འབྲེལ་བའི་གནས་ཚུལ་ཡང་ཉིན་རེ་ནས་ཉིན་ རེར་ཕྱུག་ཏུ་འགྲོ་བཞིན་ཡོད་པའི་གོ་སྐབས་འདི་དམ་ཏུ་བཟུང་ནས་བོད་ཀྱི་ཐོག་མའི་ སྣོད་བཅུད་ཆགས་ཚུལ་སྐོར་ཅུང་གླེང་བར་སྤྲོ།  དེ་ཡང་སྔ་མོའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་བོད་ཡུལ་སྟོད་སྨད་བར་གསུམ་ ཐམས་ཅད་ཆུ་ཡིས་ཡོངས་སུ་གང་བའི་རྒྱ་མཚོ་ཆེན་པོ་ཞིག་ཡིན་པ་དང་། དེ་ནས་རིམ་བཞིན་ཀོང་ཆུ་བརླག་ཁ་བྱེ་ནས་ཆུ་རྣམས་དེར་ཐིམ་སྟེ་བོད་ཡུལ་གྱི་རྣམ་ པ་གསལ་བོར་ཐོན་ཞེས་པའི་ཚིག་ཕྲེང་དེ་བསྐྱར་ཟློས་ཡང་ཟློས་ཙམ་མིན་པར་དེང་དུས་ གསར་དུ་ཤེས་རྟོགས་འབྱུང་བཞིན་པའི་ཤེས་བྱ་ཁག་དང་སྦྲེལ་ནས་བོད་ཡུལ་ཆགས་ཚུལ་ གྱི་ལོ་རྒྱུས་ཕྱུག་ཏུ་གཏོང་དགོས་པ་ཤིན་ཏུ་གལ་ཆེའོ།

སའི་གོ་ལའི་འཕེལ་ འགྱུར་གྱི་ལོ་རྒྱུས་ལ་འདོད་ཚུལ་འདྲ་མིན་འཆིས་པ་ལས། ད་ལྟ་ཁ་ཐོར་དུ་ཆགས་ཡོད་པའི་གོ་ལའི་གླིང་ཆེན་རྣམས་བསྐལ་བ་སྔ་མོའི་དུས་ཤིག་ལ་ མཉམ་དུ་འབྱར་བའི(Super-Continent)གླིང་བོ་ཆེ་(སའི་གོ་ལའི་སྒང་གི་གླིང་དང་ གླིང་ཕྲན་བཅས་ས་ཁྱོན་ཡོངས་སུ་རྫོགས་པ་མཉམ་དུ་འདུས་ནས་གྲུབ་པའི་གླིང་ཤིན་ཏུ་ ཆེན་པོ་ཞིག་ལ་གླིང་བོ་ཆེ་ཞེས་ཟེར)གཅིག་ཡིན་པ་དང་། མ་འོངས་པར་སླར་ཡང་གླིང་བོ་ཆེ་གཅིག་གི་ངོ་བོར་འགྱུར་རྒྱུ་རེད་ཅེས་པའི་འདོད་ ཚུལ་དག་ནི་ཤིན་ཏུ་མཚར་རོ། །དེ་ཡང་ཚན་རིག་པ་རྣམས་ཀྱིས་བརྗོད་པ་ལྟར་ན། གོ་ལའི་གཏིང་ལ་རྫོགས་མཐའ་མེད་པའི་འཕེལ་འགྱུར་འབྱུང་བཞིན་ཡོད་པའི་དབང་གིས་ གླིང་དང་གླིང་ཕྲན་རྣམས་རྟག་ཏུ་འགུལ་སྐྱོད་ཀྱི་རྒྱུད་རིམ་ཁྲོད་གནས་མུས་སུ་ ཡོད་པ་དང་། འགུལ་བསྐྱོད་དེའི་རྐྱེན་པས་གླིང་དང་གླིང་ཕྲན་ཡོངས་རིམ་པས་གོ་ལའི་ཟུར་ངོས་ གཅིག་ཏུ་མཉམ་འདུས་བྱུང་སྟེ་ཡངས་ཤིང་རྒྱ་ཆེ་བའི་གླིང་བོ་ཆེ་གཅིག་ཏུ་གྲུབ། དེ་ནས་ལོ་ངོ་ས་ཡ་དུ་མའི་རྗེས་སུ་གླིང་བོ་ཆེ་དེ་སླར་ཡང་ཁ་གྱེས་འགོ་ཚུགས་ནས་ གླིང་དང་གླིང་ཕྲན་དུ་སིལ་བུར་འཐོར། འདི་ལྟ་བུའི་གླིང་དང་གླིང་ཕྲན་རྣམས་མཉམ་འདུས་དང་གྱེར་འཐོར་དུ་སོང་བའི་ རྒྱུན་འཁོར་(Cycle)ལོ་ངོ་ས་ཡ་སུམ་བརྒྱ་ནས་ལྔ་བརྒྱའི་མཚམས་སུ་ཡོང་གི་ཡོད་ འདུག། མ་འོངས་པ་ལོ་ངོ་ས་ཡ་ 200 ཙམ་གྱི་རྗེས་སུ་ཨ་མཱ་ཤི་ཡཱ་ཞེས་པའི་གླིང་བོ་ཆེ་ཞིག་གོ་ལའི་བྱང་སྣེ་རུ་མཉམ་ འདུས་ཡོང་གི་རེད་ཅེས་ཚོད་དཔག་བྱེད་ཀྱིན་ཡོད།

གླིང་བོ་ཆེ་རྣམས་ཀྱི་མིང་དང་བྱུང་བའི་ལོ་གྲངས།        Supercontinents Name and Age
ཨང་གྲངས།    མིང་།    དབྱིན་མིང་།    ལོ་གྲངས
1    ཝཱལ་བྷཱ་རཱ།    Vaalbara    ~3.6—2.8 ཐེར་འབུམ།
2    ཀེ་ནོར་ལཱནཌ།    Kenorland    ~2.7—2.1 ཐེར་འབུམ།
3    ཀོ་ལམ་བྷི་ཡཱ།    Columbia     ~1.8—1.5 ཐེར་འབུམ།
4    རོ་དྷི་ནི་ཡཱ།    Rodinia    ~1.25—0.75 ཐེརའབུམ།
5    པཱན་ནོ་ཤི་ཡཱ།    Pannotia    ~600— 540 ས་ཡ།
6    པཱན་ཇི་ཡཱ།    Pangaea    ~300—180  ས་ཡ།
7    ཨ་མཱ་ཤི་ཡཱ    Amasia    མ་འོངས་པལོ་ངོ་ས་ཡ་200 ཙམ་གྱི་རྗེས་སུ། གོ་ལའི་བྱང་སྣེར།

འདི་ལྟ་བུའི་མཉམ་འདུས་དང་གྱེས་འཐོར་གྱི་རྒྱུན་འཁོར་ཁྲོད་ཡོངས་གྲགས་ཀྱི་ གླིང་བོ་ཆེ་དྲུག་ཙམ་བྱུང་ཡོད་པ་ལས་(པར་རིས-1) ཀོ་ལམ་བྷི་ཡཱ་དང་རོ་དྷི་ནི་ཡཱ། པཱན་ཇི་ཡཱ་རྣམས་རྩོད་མེད་ཀྱི་གླིང་བོ་ཆེ་གསུམ་ཡིན། གོ་ལའི་ས་གཤིས་རིག་པའི་ལོ་རྒྱུས་ཐོག་གི་ཆེས་ཉེ་རབས་སུ་བྱུང་བའི་(ལོ་ངོ་ས་ཡ 300 ཙམ་གྱི་སྔ་རོལ་དུ་བྱུང)གླིང་བོ་ཆེ་པཱན་ཇི་ཡཱ་ནི་དབྱིན་ཡིག C ཡི་དབྱིབས་ལྟར་གོ་ལའི་གཞུང་ཐིག་ཏུ་འདུས་ནས་གོ་ལའི་དཀྱིལ་ཐིག་གི་ལྷོ་བྱང་་ལ་ ནར་ཏེ་ཆགས་ཡོད། གླིང་བོ་ཆེ་འདིའི་དབར་ལ་ པཱ་ལི་ཨོ། ཊེ་ཐི་སུ (PaleoTethys) ཞེས་པའི་རྒྱ་མཚོ་ཆེན་མོ་ཞིག་འཁྱིལ་ཡོད། གླིང་བོ་ཆེ་པཱན་ཇི་ཡཱའི་དུས་རབས་སུ་བྱུང་བའི་གདོད་མའི་སྲོག་ཆགས་ཆེན་པོ་ཌེ་ ནོ་སཱོར་གྱི་((Dinosour)རུས་པའི་ཤུལ་ལུས་(fossil)རྣམས་དེང་དུས་སུ་གླིང་དང་ གླིང་ཕྲན་གང་སར་རྙེད་ཀྱིན་ཡོད་པ་འདིས་ཆེས་སྔ་མོའི་དུས་ཤིག་ལ་གླིང་དང་གླིང་ ཆེན་ཡོངས་གཅིག་ཡིན་པའི་དཔང་རྟགས་གསལ་ཤོས་ཤིག་ཡིན་པ་ཚན་རིག་པ་རྣམས་ཀྱིས་ངོས་ འཛིན་བྱེད་ཀྱིན་ཡོད།
དེ་ནས་ལོ་ངོ་ས་ཡ 180 ཙམ་གྱི་སྔ་རོལ་ནས་གླིང་བོ་ཆེ་པཱན་ཇི་ཡཱ་སིལ་བུར་འཐོར་འགོ་ཚུགས་ཏེ་གོ་ལའི་ བྱང་རྒྱུད་དུ་ལཱང་རཱ་ཤི་ཡཱ་དང་གོ་ལའི་ལྷོ་རྒྱུད་དུ་གྷོ་དྷཱ་ཝཱ་ནཱ(Laurasia and Gondawana) ཞེས་པའི་གླིང་ཆེན་གཉིས་སུ་གྱེས་ (པར་རིས-2) ནས་རིམ་པས་ལྷོ་བྱང་སོ་སོར་ཁ་འཐོར།
གླིང་བོ་ཆེ་པཱན་ཇི་ཡཱ།
གླིང་ཆེན་ལཱང་རཱ་ཤི་ཡཱ        གླིང་ཆེན་གྷོ་དྷཱ་ཝཱ་ནཱ།
ཨེ་ཤ་ཡཱ། ཡོ་རོབ། བྱང་ཨ་མེ་རི་ཀཱ    ཨ་ཧྥ་རི་ཀཱ  ལྷོ་ཨ་མེ་རི་ཀ  ཨན་ཊར་ཊི་ཀཱ  ཨོ་སུ་ཊོར་ལི་ཡཱ  རྒྱ་གར།  ཨ་རབ།

225 million years ago

 

 

 

 

བོད་ཡུལ་ཐོག་མར་ངོས་ཟིན་པ་དང་རིམ་པས་འཕེལ་འགྱུར་གྱི་སྐོར་གླེང་བ།
1. སའི་གོ་ལའི་ལྷོ་རྒྱུད་དུ་ཆགས་པའི་བོད།
བོད་ འདི་སའི་གོ་ལའི་ལྷོ་བརྒྱུད་དུ་ཆགས་པའི་དུས་རབས་ནི་རང་རེའི་ས་གཤིས་རིག་པའི་ ལོ་རྒྱུས་ཐོག་གི་ཆེས་གལ་ཆེན་ཞིག་ཆགས་ཡོད་པ་ནི་བོད་ཡུལ་འདི་ཐོག་མར་གང་དུ་ ཡོད་མེད་ངོས་ཟིན་ཐུབ་པ་བྱུང་བ་དེ་ཡིན། དུས་རབས་འདིའི་སྐབས་སུ་བོད་ཡུལ་ནི་གླིང་བོ་ཆེ་པཱན་ཇི་ཡཱའི་ལྷོ་བརྒྱུད་ཏུ་ ཡོད་པའི་ཨ་ཧྥ་རི་ཀཱ་དང་རྒྱ་གར། ཨོ་སུ་ཊོར་ལི་ཡཱ་བཅས་དང་མཉམ་དུ་འབྱར་ཡོད་པ་གསལ་བོ་ཤེས་ཐུབ། tethysདེ་ཡང་ཇི་ལྟར་ཞེས་ན། ལོ་ངོ་ས་ཡ 250 ཙམ་གྱི་སྔ་རོལ་དུ་གླིང་བོ་ཆེ་པཱན་ཇི་ཡཱའི་ལྷོ་བརྒྱུད་ནས་སའི་དུམ་བུ་ནར་མོ་ ཞིག་ཆད་ནས་རིམ་གྱིས་གོ་ལའི་བྱང་བརྒྱུད་དུ་འགུལ་སྐྱོད་བྱས་འགོ་ཚུགས་ཡོད། ས་གཤིས་རིག་པ་སྨྲ་བ་རྣམས་ཀྱིས་སའི་དུམ་བུ་ནར་མོ་འདི་ལ(པར་རིས-3)སིམ་མེ་རི་ ཡཱན་ས་དུམ་(Cimmerian Plate)ཞེས་འབོད་ཀྱི་ཡོད་པར་མ་ཟད། ས་དུམ་འདི་ཡིས་ཆ་ཤས་སུ་བོད་དང་ཏ་ཟིག(Iran) གྲུ་གུ(Turkey) བཅས་ཡོད་པར་ངོས་འཛིན་གསལ་བོ་བྱས་ཡོད། (ས་ཁྲ་འདི་གཉིས་བསོད་ནམས་བཟང་པོས་སྤྲད་བྱུང་བས་དྲིན་ཆེ)
དེ་ལྟ་ན་ང་ཚོས་ ཤེས་ཐུབ་པ་ཞིག་ལ་ད་ལྟ་གོ་ལའི་བྱང་བརྒྱུད་འཕྲེད་ཐིག (Latitude) གི་ཚད་གྲངས 270N གོང་དུ་ཆགས་ཡོད་པའི་བོད་མཐོ་སྒང་གི་ཡུལ་འདི་ཆེས་སྔ་མོའི་དུས་ཤིག་ལ་གོ་ལའི་ ལྷོ་བརྒྱུད་འཕྲེད་ཐིག་གི་ཚད་གྲངས 250S (ད་ལྟ་ལྷོ་ཨ་ཧྥ་རི་ཀཱའི་ལྷོ་སྣེ་ཆགས་ཡོད) ཙམ་གྱི་ཕྱོགས་སུ་ཆགས་ཡོད་པ་ལྟ་བུ་ཞིག་གསལ་ལོ།།
སིམ་མེ་རི་ཡཱན་ས་དུམ་ནར་ ནར་རིང་མོ་དེ་རིམ་པས་གོ་ལའི་བྱང་་འགུལ་སྐྱོད་བྱེད་སྐབས་སྔར་ཡོད་ཀྱི་པཱ་ལི་ ཨོ། ཊེ་ཐི་སུ་ཞེས་པའི་རྒྱ་མཚོ་དེ་ག་ལེར་ཆུང་དུ་ཕྱིན་ནས། སིམ་མེ་རི་ཡཱན་དང་གླིང་བོ་ཆེ་པཱན་ཇི་ཡཱའི་ལྷོ་་དབར་ཊེ་ཐི་སུ (Tethys) ཞེས་པའི་རྒྱ་མཚོ་གསར་པ་ཞིག་ཐོན་འགོ་ཚུགས་ནས་རིམ་བཞིན་ཆེ་རུ་ཆེ་རུ་སོང་འདུག

2). ཚ་བའི་ཡུལ་དུ་ཆགས་པའི་བོད།
turkeyབོད་ འདི་ཚ་བའི་ཡུལ་དུ་ཆགས་པའི་དུས་རབས་ནི་ད་ལྟའི་བོད་གངས་ཅན་ལྗོངས་ཀྱི་སྣོད་ བཅུད་ཆགས་ཚུལ་དང་ཡོངས་སུ་ལྡོག་པའི་དུས་རབས་ཤིན་ཏུ་ཡ་མཚར་བ་ཞིག་ཡིན། བོད་མཐོ་སྒང་གི་ས་འོག་ནས་ཐོན་པའི་གནའ་བོའི་དངོས་རྫས་ལས་བོད་ཡུལ་འདི་སྔ་ མོའི་དུས་རབས་ཤིག་ལ་ཆར་ཆུ་འབེལ་ཞིག་ཚ་དྲོད་ཆེ་བའི་ཡུལ་ཞིག་ཡིན་པར་ཤེས་ རྟོགས་བྱུང་བ་ལྟར། ལོ་ངོ་ས་ཡ 237 ཙམ་གྱི་སྔ་རོལ་དུ་བོད་ཡུལ་ཆགས་པའི་སིམ་མེ་རི་ཡཱན་ས་དུམ་འདི་ཆར་ཆུ་འབེལ་ཞིག་ ཚ་དྲོད་ཆེ་བའི་གོ་ལའི་དཀྱིལ་ཐིག (Equator) ཏུ་འབྱོར་ནས་རྒྱ་མཚོ་ཆེན་མོ་གཉིས་ཀྱི་དབར་ཡུན་རིང་གནས་ཡོད་འདུག

3). རྒྱ་མཚོའི་འོག་ཏུ་ཆགས་པའི་བོད་དང་གདོང་ཐུག་སྔ་མའི་དུས་རབས།
བོད་ ཀྱི་ཡུལ་འདི་སྔར་མོའི་དུས་ཤིག་ལ་རྒྱ་མཚོའི་འོག་ཏུ་ཆགས་པའི་དུས་རབས་ཤིག་ བྱུང་ཡོད་པ་ནི་བོད་ཀྱི་ལོ་རྒྱུས་རྣམས་སུ་གསལ་བ་ཙམ་མ་ཟད་ས་གཤིས་རིག་པ་སྨྲ་བ་ རྣམས་ཀྱི་ཡང་དེ་བཞིན་ཡིན་པ་བརྗོད་ཀྱིས་ཡོད། དཔེར་ན་ས་གཤིན་རིག་པ་སྨྲ་བ་ཁག་གཅིག་གིས་ཉེ་དུས་སུ་ཧི་མ་ལ་ཡི་རི་འདབས་ཤིག་ ནས་རྒྱ་མཚོའི་འོག་ཏུ་འཚོ་བའི་སྲོག་ཆགས་ཀྱི་གནའ་རྫས་རྙིང་པ་རྙེད་སོན་བྱུང་བ་ ལས་ཡུལ་འདི་ནམ་ཞིག་ཆུའི་འོག་ཏུ་ཡོད་པ་གསལ་བོར་མཚོན འདི་ནི་ལོ་ངོ་ས་ཡ 152 ཙམ་གྱི་སྔ་རོལ་དུ་སིམ་མེ་རི་ཡཱན་ས་དུམ་(པར་རིས-4)དེ་རིམ་བཞིན་ད་ལྟ་བོད་ཆགས་ པའི་ས་ཕྱོགས་སུ་འབྱོར་ཏེ་རྒྱ་ནག་གི་གླིང་ཕྲན (སྐབས་དེར་ཨེ་ཤ་ཡཱའི་གླིང་ཆེན་ཡོངས་སུ་གྲུབ་ཐུབ་མེད) དང་གདོང་ཐུག་རྒྱག་འགོ་འཚུགས། འདི་ལྟར་གླིང་གཉིས་གདོང་ཐུག་བརྒྱབ་པའི་སྐབས་སུ་དཀྱིལ་ལ་འཁྱིལ་བའི་པཱ་ལི་ཨོ་ རྒྱ་མཚོའི་ཆུ་ལྷག་མ་གྱེན་དུ་འཕྱུར་ནས་བོད་ཡུལ་ཕལ་མོ་ཆེ་ཆུ་དེའི་གཏིང་དུ་ བྱིངས། འོན་ཀྱང་བོད་ཀྱི་ལྷོ་བརྒྱུད་ས་ཁྱོན་ཕྲན་བུ་ཆུའི་འོག་ཏུ་མ་ཤོར་བར་མཐར་ལྕགས་ རི་ལྟར་གྱུར། དེ་བརྟེན་དུས་རབས་འདིའི་སྐབས་སུ་བོད་ཀྱི་ས་ཁྱོན་ཕལ་མོ་ཆེ་མཐར་སའི་ལྕགས་ རིའི་བསྐོར་བའི་(Inland Sea)རྒྱ་མཚོ་ཆུང་ཆུང་ཞིག་གི་འོག་ཏུ་བྱིངས་ནས་ཆགས་ཡོད་པ་ལྟ་བུ་ཞིག་སྣང་། ། ་

4). རྒྱ་མཚོའི་འགྲམ་དུ་ཆགས་པའི་བོད།
བོད་ ཀྱི་ཡུལ་འདི་རྒྱ་མཚོའི་འགྲམ་དུ་ཆགས་པའི་དུས་རབས་ནི་སྣོད་བཅུད་ཕུན་སུམ་ཚོགས་ པའི་དུས་རབས་ཤིག་ཡིན། བོད་འདི་ཆུའི་འོག་ཏུ་བྱིངས་ནས་ལོ་གྲངས་དུ་མ་སོང་བའི་རྗེས་སུ་ཀོང་ཆུ་བརླག་ཁ་ བྱེ་ནས་ཆུ་རྣམས་དེར་ཐིམ་ཞེས་པ་ལྟར།  བོད་ཀྱི་ལྷོ་་ནས་ཆུ་འཁྱིལ་སའི་ཡོལ་གོ་རྣམསས་ཀྱི་ཁ་ཤོར་ཏེ་ཆུ་རྣམས་ཊེ་ཐི་སུ་ རྒྱ་མཚོར་བཞུར་འགོ་ཚུགས་སྟབས་བོད་ཡུལ་རིམ་བཞིན་ཆུས་ཁར་ཐོན་ནས་སྐམ་སར་གྱུར། སྐམ་སར་ཐོན་པའི་བོད་ཡུལ་ནི་ས་ཁེབས་དམའ་ཞིག་རྩི་ཤིང་ལོ་རྟོགས་དང་རི་དྭགས་ སེམས་ཅན་གྱི་ཕྱུག་པ། ལྷོ་ཕྱོགས་ཀྱི་མཐའ་མཚམས་ཡོངས་རྒྱ་མཚོར་ཐུག་པའི་ཡུལ་ལྗོངས་རྣམ་པ་བཀྲ་བ་ཞིག་ ཡུན་རིང་གནས།

5). རྒྱ་མཚོ་དང་བྲལ་ནས་ཆགས་པའི་བོད་དང་གདོང་ཐུག་ཕྱི་མ།
བོད་ ཡུལ་འདི་རྒྱ་མཚོ་དང་བྲལ་བའི་དུས་རབས་ནི་ས་གཤིས་རིག་པའི་ལོ་རྒྱུས་ཐོག་གི་ ཆེས་ཉེར་རབས་སུ་བྱུང་བའི་གོ་ལའི་ཕྱིའི་སྣོད་ཀྱི་ཆགས་ཚུལ་ལ་འགྱུར་ལྡོག་ཆེ་ ཤོས་བྱུང་བ་ཞིག་ཆགས་ཡོད། ལོ་ངོ་ས་ཡ་ལྔ་བཅུ་ང་གྲངས་ཙམ་གྱི་སྔ་རོལ་དུ་བོད་མཐོ་སྒང་གི་ངོ་བོ་འགྱུར་ཚུལ་ ཞེས་པའི་རྩོམ་ཡིག་སྔར་མའི་ནང་བཀོད་པ་ལྟར་རྒྱ་གར་གླིང་ཕྲན་ཡང་རིམ་བཞིན་འདི་ ཕྱོགས་སུ་འབྱོར་ནས་བོད་དང་གདོང་ཐུག་ཤོར། དུས་དེ་ནས་བཟུང་བོད་ཡུལ་གྱི་མཐར་མཚམས་རྒྱ་མཚོ་དང་བྲལ་ཏེ་གྱེན་དུ་འབུར་འགོ་ ཚུགས། རིམ་བཞིན་མཐོ་རུ་མཐོ་རུ་ཕྱིན་ནས་བར་སྣང་དཀྱིལ་ལ་ཆགས་པ་ལྟ་བུའི་མཛེས་སྡུག་ ལྡན་པའི་བོད་མཐོ་སྒང་འདི་དེ་ལྟར་བྱུང་ངོ།
བོད་ཡུལ་འདི་གྱེན་དུ་འབུར་ནས་ མཐོ་སྒང་ཞིག་ཏུ་འགྱུར་བའི་དབང་གིས་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཤིན་ཏུ་ ཆེན་པོ་བྱུང་བའི་སྐོར་རྗེས་མའི་རྩོམ་ཡིག་ནང་སྤེལ་ཐུབ་པ་བྱའོ། ཕྱི་དྲིལ་ཁོར་ཡུག་ཚན་པས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་རྩོམ་ཡིག་མུ་མཐུད་ སྤེལ་རྒྱུ་ལགས་ན་དོ་སྣང་ཡོད་རིགས་ལ་ཕན་ཐོགས་ཡོང་བའི་རེ་མདུན་ཆེ།།
མུ་འགོད་རྩོམ་ཡིག

Share this:
༢༥༨ ཀློག་གྲངས།