བོད་ནང་རང་ལུས་མེར་སྲེག་གཏོང་མཁན་༡༠༢ ཟིན་འདུག

102_self_immolating2བོད་ནང་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གཏོང་མཁན་༡༠༢ ཟིན་པ་དང་། ཟླ་འདིའི་ཚེས་༡༨ ཉིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག དྷ་སར་མི་མང་གིས་རྔམ་སྟོན་ཁྲོམ་སྐོར་གྱི་ངོ་རྒོལ་བྱས་ཡོད་པ་རེད།

ཚོགས་པ་ལྔ་མཉམ་འབྲེལ་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། “རྒྱ་གཞུང་གི་བཙན་ཤེད་དང་དྲག་གནོན་སྲིད་ཇུས་ཀྱིས་ད་གཟོད་བོད་ནང་གི་སེར་སྐྱ་ཕོ་མོ་དབྱེར་མེད་ཀྱིས་རང་ལུས་མེར་སྲེག་གི་བྱ་འགུལ་འདི་འགོ་བཙུགས་པ་དང་། མུ་མཐུད་སྤེལ་དགོས་ཐུག་པར་བཟོས་ཤིང་། དེ་རིང་གི་བར་ཁྱོན་བསྡོམས་རང་ལུས་མེར་སྲེག་གི་གཏོང་མཁན་བོད་ནང་༡༠༢ བྱུང་བའི་ཁྲོད་ནས་༨༦ གི་ཚེ་སྲོག་ཤོར་ཡོད་ལ། གཞན་རྣམས་ཀྱི་ད་ལྟའི་གནས་བབ་གསལ་ཁ་མེད། ཁོང་ཚོ་ཚང་མའི་མགྲིན་དབྱངས་གཅིག་གྱུར་གྱི་འབོད་ཚིགས་ནི་བོད་ལ་རང་དབང་དགོས། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་པས་མཚོན་ཐུབ་”ཅེས་འཁོད་འདུག

102_self_immolatingདེ་བཞིན་བོད་ནང་རྒྱ་གཞུང་གིས་མུ་མཐུད་དྲན་གནོན་ཡོད་སྐོར་དང་། རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མི་སྤུན་མཆེད་འཇུ་བཟུང་དང་། ཡུལ་མི་ཚོ་ཚང་མར་ཉེས་མེད་ཁྱབ་འགེབས་བྱེད་པ་སོགས་རྒྱ་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱིས་བོད་ལ་དབང་བསྒྱུར་བྱེད་ཀྱི་ཡོད་སྐོར་འཁོད་ཡོད་པ་རེད།

ཚོགས་པ་ལྔ་མཉམ་འབྲེལ་གྱིས་དགོས་འདུན་ཁག་ཅིག་བཏོན་པའི་༡། འཛམ་གླིང་གི་དབུ་ཁྲིད་ཐུན་མོང་ཐོག་ནས་བོད་དོན་འབྲེལ་མཐུད་པ་ཞིག་བསྐོ་བཞག་གིས་བོད་ཀྱི་ས་ཁུལ་གང་སར་རྒྱ་གཞུང་གིས་དྲག་གནོན་བྱེད་མུས་ཡིན་པ་དེར། བྱ་སྤྱོད་སྣ་མང་གི་སྒོ་ནས་གནོན་ཤུགས་སྤྲོད་རྒྱུ་བོད་མིའི་གཞི་རྩའི་ཐོབ་ཐང་བསྐྱར་གསོ་གནང་ཐབས་གནང་རྒྱུ།

༢༽ རྒྱ་དམར་གཞུང་ལ་བཟློ་རྒྱུར། བོད་མིའི་རང་ལུས་མེར་སྲེག་དང་ཞི་རྒོལ་སྤེལ་དགོས་ཐུག་པར་བཟོས་པའི་ཁྱེད་ཅག་གི་སྲིད་ཇུས་དེ་བསྐྱར་ཞིབ་ཀྱིས་བོད་མིའི་སྤྱི་ཚོགས་དང་ཆོས་ལུགས་ཀྱི་དབུ་ཁྲིད་ལ་བརྩི་བཀུར་ཞུ་རྒྱུའི་མཚོན། བོད་མི་སྤྱི་ཡོངས་ཀྱི་འཚོ་གནས་དང་དགོས་འདུན་སྐོང་ཐབས་བྱ་དགོས།

༣༽ རྒྱལ་ཚོགས་ཀྱི་ངོ་ཚབ་ད་རང་དབང་གསར་འགོད་པ་བོད་ནང་བཀག་འགོག་མེད་པར་འགྲོ་བསྐྱོད་ཆོག་རྒྱུ་དང་། བོད་ཐོག་འཛིན་པའི་རྒྱ་གཞུང་གི་སྲིད་ཇུས་ཀྱིས་ཤུགས་རྐྱེན་ཅི་ཐེབས་དང་། བོད་མིའི་རང་དབང་གི་གནས་བབ་སྐོར་ལ་ཉམས་ཞིབ་གནང་འདུག་རྒྱུ།

102_self_immolating1ཁྲོམ་སྐོར་ནང་འཛུལ་ཞུགས་བྱས་པའི་གཞོན་སྐྱེས་ཤིག་ལ་བཅར་འདྲི་བྱས་པར། ཁོང་གིས་“གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ལས་འགུལ་གོ་སྒྲིག་བྱས་པ་དེ་ཡག་པོོ་རེད་བསམ་གྱི་འདུག་ལ། མུ་མཐུད་ལས་འགུལ་འདིའི་རིགས་གོ་སྒྲིག་དགོས་ཀྱི་འདུག ང་རང་སློབ་མ་ཞིག་ཡིན་ལ། ལས་འགུལ་འདི་འདྲ་སྤེལ་བར་དགའ་པོ་བྱུང་སོང་། ཉིན་རེ་བཞིན་རང་ལུས་མེར་སྲེག་གི་ངོ་རྒོལ་མང་དུ་འགྲོ་ཡི་ཡོད་པ་རེད། བོད་རིགས་སྤུན་ཟླ་ཚོའི་རྒྱ་མིའི་མནར་གཅོད་འོག་མྱངས་དང་མྱོང་བཞིན་ཡོད། ང་ཚོས་མུ་མཐུད་ལས་འགུལ་རྒྱུན་འཁྱོང་དགོས་ཀྱི་འདུག་”ཅེས་གསུངས་སོང་།

ཁོང་གིས་རང་ལུས་མེར་སྲེག་སྐོར་གསུངས་དོན། “རང་ལུས་མེར་སྲེག་དེ་སེམས་ནང་ཚོར་བ་བཤད་མི་ཤེས་པ་ཞིག་རེད། རང་ལུས་མེར་སྲེག་གཏོང་བ་འདི་མི་འཕྲོ་བརླག་རེད་ཟེར་མཁན་འདུག དེ་འདྲ་རྩ་བ་ནས་བཤད་ཉན་གྱི་མི་འདུག འོན་ཀྱང་རང་ལུས་མེར་སྲེག་མ་ཡིན་པའི་ཐབས་ལམ་འཚོལ་རྒྱུ་གལ་ཆེན་པོ་འདུག རྒྱལ་སྤྱིའི་ཐོག་ནས་དང་། རྒྱལ་ཚོགས་ཀྱི་ངོས་ནས་ང་ཚོར་རྒྱབ་སྐྱོར་ག་ཚོད་འདུག དེ་ཚོ་ལ་ལྟ་ཡི་ལྟ་ཡི་དགོས་པ་ཡང་གལ་ཆེན་པོ་འདུག་”ཅེས་འགྲེལ་བརྗོད་གནང་སོང་།

102_self_immolating3ཁྲོམ་སྐོར་ནང་འཛུལ་བ་གཞན་ཞིག་གིས་གསུངས་དོན། “ང་རང་དེ་རང་འགུལ་ནང་འཛུལ་ཞུགས་ཐུབ་པ་དེར་དགའ་པོ་བྱུང་སོང་། བོད་བསྟན་པ་ཆབ་སྲིད་ཆེད་བོད་ནང་ནས་རང་ལུས་མེར་སྲེག་གིས་མཚོན་སྐུ་ལས་མང་པོ་བསྐྱོན་གྱི་ཡོད་པ་རེད།  དེས་ང་ཚོ་ལ་སེམས་ཤུགས་ཧ་ལས་སྤེལ་གྱི་ཡོད་པ་རེད་”ཅེས་གསུངས་སོང་།

ཁོང་གིས་རང་ལུས་སྲེག་སྐོར་གསུངས་དོན། “བོད་ནང་རང་ལུས་མེར་སྲེག་གཏོང་རྒྱུ་མཚམས་འཇོག་དགོས་པ་རེད་ཟེར་བ་དེ་ནོར་འཁྲུལ་མིན་ནམ་བསམ་གྱི་འདུག བརྒྱ་ལྷག་ཅིག་གིས་རང་ལུས་མེར་སྲེག་བཏང་ཟིན་པས། དེ་ཚོ་ཆུད་ཟོས་སུ་མ་སོང་བྱེད་རྒྱུ་གལ་ཆེན་པོ་འདུག་”ཅེས་དང་། “ང་བོད་མི་ཞིག་ཡིན་པའི་ཆ་ནས། རྒྱ་ནག་ལ་བོད་མི་ཚོ་ད་དུང་སེམས་ཤུགས་ཆགས་ཡོད་པ་མ་རེད་ལ། རྒྱ་ནག་གཞུང་གིས་དགོངས་བཞེས་མ་གནང་ན། ༧གོང་ས་མཆོག་སྐུ་མ་བཞུགས་པའི་སྐབས་སུ་ཛ་དྲག་ཆེ་རུ་འགྲོ་ཡི་རེད། ༧གོང་ས་མཆོག་བཞུགས་ཡོད་པའི་སྐབས་རྒྱ་ནག་གིས་བཀའ་མོལ་གནང་ཐུབ་ན་ཡག་པོ་ཡོད་པ་རེད་”ཅེས་གསུངས་སོང་།

ཁྲོམ་སྐོར་བ་དྷ་ཤོད་ཀ་ཅི་རི་ལ་འབྱོར་བ་དང་། དེར་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་གསུངས་བཤད་གནང་དོན། བོད་ཕྱི་ནང་གཉིས་ནས་སོ་སོའི་རྒྱལ་ཁབ་དང་དབུ་ཁྲིད་ཀྱི་ཆེད་རང་ལུས་མེར་སྲེག་གཏོང་མཁན་ཚོའི་རླབས་ཆེན་གྱི་སྙིང་སྟོབས་ལ་གུས་བཀུར་དང་རྗེས་དྲན་གྱི་ཆེད་ང་ཚོ་དེ་རིང་འདིར་མཛོམས་ཀྱི་ཡོད་རེད། ཕྱི་ལོ ༢༠༠༩ ལོར་བོད་ནས་རྒྱལ་གཅེས་དཔའ་བོ་བཀྲ་བྷེས་རང་ལུས་མེར་སྲེག་བཏང་པ་ནས་བཟུང་། ད་ལྟའི་བར་བོད་མི་༡༠༢ ཀྱིས་བོད་རྒྱལ་ཁབ་ཀྱི་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་རེད། བཙན་བྱོལ་ནང་ནས་རྒྱལ་གཅེས་དཔའ་བོས་ཐུབ་བསྟན་དངོས་གྲུབ་ཀྱིས། རྒྱ་གཞུང་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་བཏང་པ་ནས། ད་ལྟའི་བར་བོད་མི་གསུམ་གྱིས་རང་ལུས་མེར་སྲེག་བཏང་ནས་སྐུ་སྲོག་ཤོར་ཡོད་པ་རེད། གནས་ཚུལ་དེ་ཚོར་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་སྤོབས་པ་དང་དགའ་བ་སྐྱེས་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་གང་གིས་རེད་ཟེར་ན། དགྲ་བོ་རྒྱག་ནག་གིས་ལོ་༦༠ ལྷག་གི་རིང་ང་ཚོའི་རྒྱལ་ཁབ་བཙན་བཟུང་དབང་བསྒྱུར་བྱས་ཡོད་ན་ཡང་། 102_self_immolating4བོད་མི་ས་ཡ་༦ གིས་དགྲ་བོ་རྒྱ་ནག་ལ་ནམ་ཡང་མགོ་མ་བསྒུར་བར་བོད་མི་རིགས་ཀྱི་འཐབ་རྩོད་མུ་མཐུད་དུ་འགྲོ་ཡི་ཡོད་རེད། འཐབ་རྩོད་མུ་མཐུད་དུ་འགྲོ་བཞིན་ཡོད་པ་མ་ཟད་བོད་མི་ཚོས་སོ་སོའི་རྒྱལ་ཁབ་དང་དབུ་ཁྲིད་ཀྱི་ཆེད། བློས་གཏོང་གི་ཚད་གཞི་དེ་ཉི་མ་རེ་རེ་བཞིན་དུ་ཚད་མཐོ་རུ་འགྲོ་ཡི་ཡོད་རེད། དེར་བརྟེན་ང་ཚོ་སྤོབས་པ་དང་དགའ་བ་སྐྱེས་དགོས་པ་ཞིག་རེད། ཡང་ཕྱོགས་ཞིག་ནས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་བོད་མི་ས་ཡ་གཉིས་ལྷག་དང་། ལྷག་པར་དུ་རང་ལུས་མེར་སྲེག་གཏོང་མཁན་བོད་མི་༡༠༠ ལྷག་ཅིག་རེ་རེ་བཞིན་དུ། ང་ཚོའི་རྒྱལ་ཁབ་དང་ཁ་བྲལ་འགྲོ་དུས་ང་ཚོ་ཡིད་སྐྱོ་དགོས་པ་ཞིག་རེད། གཞིས་བྱེས་བོད་མི་ཚང་མར་བོད་རྒྱལ་ཁབ་སླར་གསོའིོ་ལས་འགན་ཡོད་རེད། ལྷག་པར་དུ་རང་དབང་ལུང་པར་ཡོད་པའི་བཙན་བྱོལ་བོད་མི་ཚོར་འགན་མང་བ་ཡོད་རེད། ཡིན་ན་ཡང་ད་ལྟའི་བར་འགན་ཆེ་ཤོས་དེ་གཞིས་ལུས་མི་མང་གིས་ཁུར་ཡོད་རེད། དེ་རིང་ནས་བཟུང་བཙན་བྱོལ་སྤྱི་ཚོགས་ཀྱིས་ངེས་པར་བསམ་བློ་གཏོང་དགོས་པའི་དུས་ཚོད་ལ་སླེབས་ཡོད་རེད། བོད་ནང་ནས་བོད་མི་ཞིག་གི་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བྱུང་སྐབས། སོ་སོའི་གཟུགས་པོ་མེ་རུ་འཚུགས་ཀྱི་མེད་ན་ཡང་སེམས་པ་མེ་རུ་འཚུགས་པའི་ཚོར་སྣང་དེ་དགོས་ཀྱི་ཡོད་རེད། དེ་སྐྱིད་སྡུག་མཉམ་མྱོང་རེད་ཅེས་གསུངས་སོང་།

དེ་བཞིན་ཚོགས་པ་ཁག་གི་སྐུ་ཚབ་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་དབྱིན་སྐད་དང་ཧིན་སྐད་ཐོག་ཐེངས་འདིའི་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་སོང་ལ། མཐར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་གངས་ལྷ་མོས་ཐུགས་རྗེ་ཆེ་ཞེས་གསུངས་བཤད་གནང་རྗེས་ལས་འགུལ་མཇུག་བསྡོམས་བྱས་ཡོད་པ་རེད།

102_self_immolating5

102_self_immolating6

102_self_immolating2

Share this:
༡༡༩ ཀློག་གྲངས།