ས་སྐྱ་གོང་མས་ཡུལ་མིར་མཐུན་སྒྲིལ་དགོས་སྐོར་གསུངས་འདུག

ཟླ་འདིའི་ཚེས་༡༧ཉིན་འདི་གར་སྤུ་རུ་ཝ་ལ་གཞིས་དགོན་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། དཔལ་ས་སྐྱ་སྐྱབས་མགོན་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་མི་མང་སྟོང་ཚོ་གཉིས་ལྷག་ལ་ཆོས་འབྲེལ་འཕོ་ལུང་དང་ཚེ་དབང་གནང་སོང།

དེ་ཡང་སྔ་དྲོ་ཚོུད་བརྒྱད་པའི་ཐོག་མགོན་པོ་གང་ཉིད་ཕོ་བྲང་ནས་སྤྱན་རྒྱལ་སེར་སྒྲེང་དང་སྤོས་སྣེ་སོགས་ཀྱི་མདུན་བསུས་ནས་གདན་དྲངས་རྗེས། ཆོས་འབྲེལ་འཕོ་ལུང་སོགས་རིམ་བཞིན་དབུ་ཚུགས་གནང་སོང་། སྐབས་དེར་མགོན་པོ་གང་ཉིད་ཀྱིས་ཐོག་མ་ལོ་གསར་འཚམས་འདྲི་དང་འབྲེལ་ནས་ཆོས་ཞུའི་སྔོན་འགྲོར་ཀུན་སློང་སོགས་ལེགས་པོ་གསལ་འདེབས་དགོས་པ་མ་ཟད། ཚེ་དབང་ཞུ་བ་དེ་རང་གཅིག་པུའི་ཆེད་དུ་ཡང་དམིགས་རྒྱུ་མེད་ཚུལ་དང་སྦྲགས་ནས་ནང་ཆོས་སྤྱིའི་འགྲོས་དང་ཡན་ལག་བདུན་པ་སོགས་ངོ་སྤྲོད་ཞི་རྒྱས་གནང་བྱུང།

དེ་རྗེས་བཀའ་དབང་དངོས་གཞི་གྲུབ་རྗེས་བཀའ་གནང་དོན། དེ་རིང་ཁ་སང་འཛམ་གླིང་གང་སར་འབྱུང་བཞིའི་གནོད་པ་སོགས་ཀྱིས་མི་མང་པོ་རྐྱེན་འདས་སུ་ཕྱིན་པ་དང་། ལྷག་པར་དུ་ང་རང་ཚོའི་ཕ་ཡུལ་བོད་གངས་ཅན་ལྗོངས་སུ་ཤིན་ཏུ་ནས་ཡ་ངའི་གནས་ཚུལ་བྱུང་བཞིན་པ་རྟེན། ང་རང་ཚོས་མི་བསླུ་བ་བླ་མ་དཀོན་མཆོག་ལ་གསོལ་བ་འདེབས་རྒྱུ་ལས་གཞན་ཡོད་མ་རེད། དེའི་ནང་ནས་ཀྱང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ལ་ཉེ་རིང་སོགས་ཡོད་མ་རེད། ཡིན་ནའང་ལས་དང་སྨོན་ལམ་གྱི་ཐོག་ནས་ཁྱད་པར་ཡོང་གི་ཡོད་པས་ང་རང་ཚོའི་བོད་གངས་ཅན་ལྗོངས་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པས་དེང་སང་ཆེས་ཡ་ང་དང་ཛ་དྲག་པའི་གནས་ཚུལ་གྱིས་གཤིན་པོ་རྣམས་ཀྱི་བར་དོ་འཇིགས་སྐྲག་དང་ངན་འགྲོ་ངན་གསུམ་གྱི་གནས་ལ་གྲོལ་ཏེ། མཐར་ཐུགས་བླ་མེད་རྫོགས་བྱང་མྱུར་དུ་འཐོབ་ཐུབ་པ་དང་གསོན་པོ་ཡོད་པ་རྣམས་ཀྱང་མགྱོགས་ནས་མྱུར་དུ་ནད་ལས་གྲོལ་ཏེ་ཚེ་ལྷག་དོན་ལྡན་ཡོང་བ་སོགས་མདོར་ན་དཀའ་སྡུག་མྱོང་བཞིན་པའི་ཤི་གསོན་ཚང་མས་རེ་བའི་འབྲས་བུ་མྱུར་དུ་སྨིན་ཡའི་ཆེད་མ་ནི་ལུང་འདོན་ཡ་ཡིན་སོགས་གསུང་ཏེ། ཚོགས་ཡོངས་ནས་རྒྱལ་གཅེས་དཔའ་བོ་ཕོ་མོ་འདས་གསོན་རྣམས་ཀྱི་ཆེད་མ་ནི་འུར་འདོན་གནང་སོང།

མི་མང་ཚོར་བླང་དོར་གྱི་བཀའ་སློབ་བསྩལ་དོན། ད་ལྟ་ང་རང་ཚོ་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་སངས་རྒྱས་ཀྱི་བསྟན་པ་གཙོ་ཆེ་ཤོས་བླ་མ་དགེ་འདུན་པ་ཚོས་ལ་རག་ལས་ཡོད་སྟབས། བླ་མ་དགེ་འདུན་པ་ཚོས་སྡོམ་པ་དམ་ཚིགས་བསྲུང་རྒྱུ་རེད། སྒྲིག་ལམ་ཀུན་སྤྱོད་སྲུང་རྒྱུ་རེད། ལྷག་པར་དུ་ཆོས་ཕྱོགས་ཀྱི་གཞུང་ཆེན་པོར་སློབ་གཉེར་གནང་རྒྱུ་དང་། གནང་བ་དེ་ཡང་རྒྱུད་ཐོག་ལ་འཇགས་ཐུབ་པ་བྱ་རྒྱུ་དེ་གལ་ཆེ་རེད་ཅེས་དང་། མི་མང་ཚོ་ཡིན་ནའང་སངས་རྒྱས་ཀྱི་བསྟན་པ་ཟེར་དུས་ཕྱིའི་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་སོགས་སངས་རྒྱས་ཀྱི་བསྟན་པའི་ཆ་རྐྱེན་ཞིག་དང་བསོད་ནམས་གསོག་པའི་ཞིང་རྩ་ཆེན་པོ་ཞེ་དྲག་རེད་མ་གཏོགས། དེ་དག་གཅིག་པུས་སངས་རྒྱས་ཀྱི་བསྟན་པ་ཡོང་གི་ཡོད་མ་རེད། སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་མི་གཅིག་ནས་གཉིས་སུ་བགྲང་པའི་ཚང་མས་དགེ་བ་བསྒྲུབ་སྡིག་པ་སྤོང་ཆོས་ཀྱི་སློབ་སྦྱོང་བྱེད་ཆོས་ཉམས་ལེན་བྱེད་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་རེད། ང་རང་ཚོའི་ཁ་ནས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་ཤོག་ཟེར་ནས་རང་རྒྱུད་ལ་ཡོད་པའི་སངས་རྒྱས་ཀྱི་བསྟན་པར་གཅེས་སྤྲས་དང་རྩ་ཆེན་མ་བརྩིས་ན་ཡོང་གི་ཡོད་མ་རེད། ང་རང་ཚང་མ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་སྐྱེས་པའི་གོ་སྐབས་བཟང་པོ་འདི་ཆུད་ཟོས་སུ་མ་ཤོར་བ་ཆོས་ཉམས་ལེན་གནང་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་བཀའ་སློབ་གནང་སོང་།

ཡུལ་མིར་མཐུན་ལམ་སྐོར་བཀའ་སློབ་གནང་དོན། རྒྱ་གར་མི་མང་འབུམ་ཕྲག་མང་པོ་དཀྱིལ་དུ་ ང་རང་ཚོའི་མི་གྲངས་ཉུང་ཉུང་བྱས་ནས་འདུག་ཡོད་རེད། རྒྱ་གར་དང་བོད་གཉིས་ཀྱི་འབྲེལ་བ་དེ་ཆོས་ཀྱི་འབྲེལ་བ་རེད། དེའི་ནང་ནས་ཀྱང་བཟང་པོའི་འབྲེལ་བ་རྐྱང་རྐྱང་མ་གཏོགས་རྙོག་གླེང་གཏན་ནས་བྱུང་ ཡོད་མ་རེད། དུས་ད་ལྟ་ཡིན་ནའང་ང་རང་ཚོ་བཙན་བྱོལ་དུ་གྱར་ནས་ལོ་ལྔ་ཅུ་ལྷག་གི་རིང་ལ་རྒྱ་གར་ལ་བསྡད་པ་རེད། རྒྱ་གར་གཞུང་དང་མི་མང་བཀའ་དྲིན་ཆེན་པོ་ཞེ་དྲག་རེད། དེ་འདྲ་ཡིན་པས་དུས་རྟག་ཏུ་རྒྱ་གར་ཡུལ་མི་ཚོ་དང་འཆམ་མཐུན་གནང་རྒྱུ་དེ་ཤིན་ཏུ་ནས་གལ་ཆེ་རེད། རྐྱེན་ཆུང་ཆུང་གིས་ཆག་སྒོ་ཆེན་པོ་སླང་རྒྱུར་ཉེན་ཁ་ཡོད་པས། ཚང་མས་གཟབ་གཟབ་གནང་རོགས་ཞེས་ལམ་སྟོན་བཀའ་སློབ་གནང་སོང་།

བཀའ་སློབ་གྲུབ་འཚམས་སློབ་གྲྭ་དང་དགོན་སྡེ་ཁག་གཞན་ཡང་ཕྱོགས་མཐའ་ནས་ཕེབས་པའི་མི་མང་བཅས་རིམ་བཞིན་མཇལ་ཁ་བསྩལ། དེ་རིང་ཆོས་འབྲེལ་འདི་བཞིན་བོད་ལུགས་ཀྱི་ལོ་གསར་ནང་ཆོས་འབྲེལ་ཐོག་མ་དེ་ཡིན་ པ་དང་། ཟླ་འདིའི་ཕྱི་ཚེས་༢༠ ཉིན་སླར་ཡང་དེ་ཧ་ར་དུན་མངའ་ཁུལ་ར་ཛ་སྤུར་ས་སྐྱ་ཆོས་སྒར་དུ་མི་མང་ལ་བྱང་གཏེར་ཐུགས་སྒྲུབ་ཀྱི་བཀའ་དབང་གནང་རྒྱུའི་མཛད་འཆར་ཡང་འདུག །

གནས་ཚུལ་མཁོ་གཏོང་བ་ཐུབ་བསྟན་རྒྱལ་མཚན་གྱིས།

Share this:
༧༧ ཀློག་གྲངས།