བོད་མི་ཚང་མས་ཉིན་བརྒྱ་དུས་གཅིག་གི་མཆོད་འབུལ་བྱ་རོགས།

2013_2_19_1

བོད་མིའི་རང་ལུས་མེར་སྲེག་གི་ལས་འགུལ་༡༠༠ བརྒལ་བ་དང་བསྟུན་ཏེ། ཟླ་འདིའི་ཕྱི་ཚེས་༢༠ ཉིན་བོད་མི་ཡོད་སའི་འཛམ་གླིང་གི་ས་ཁུལ་ཡོངས་ནས། ཉིན་བརྒྱ་དུས་གཅིག་གི་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་འཚོག་རོགས་ཞེས་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ཀྱིས་གསལ་བསྒྲགས་བྱས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༩ ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ། དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ངག་དབང་ཆོས་གྲགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན། ཕྱི་ལོ་༢༠༡༣ ཟླ་༢ ཚེས་༣ ཉིན་བོད་ནང་གི་སྔ་དྲོ་ཆུ་ཚོད་༦ ཙམ་ལ་རང་ལོ་༣༧ ལ་སོན་པའི་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྣམ་རྒྱལ་ལགས་དང་། ཕྱི་ཟླ་༢ ཚེས་༡༣ ཉིན་བོད་ནང་གི་ཉིན་དགུང་ཆུ་ཚོད་༡།༡༠ ཡས་མས་སུ། བོད་མདོ་སྨད་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་གྱི་ཁོངས་གཏོགས་ཨ་མཆོག་སྨད་ཀྱི་ཀླུ་ཤོད་སྐྱི་ནང་ཞེས་པའི་ས་གནས་ཀྱི་རང་ལོ་༢༦ ཡིན་པའི་རྒྱལ་གཅེས་པ་འབྲུག་པ་མཁར་ལགས། ཕྱི་ཟླ་༢ ཚེས་༡༧ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད་༦ ཙམ་ལ། བླ་བྲང་བསང་ཆུ་རྫོང་རྒན་གྱ་ཞང་། རི་སྔོན་སྡེ་པ་ནས་ཡིན་པ་རང་ལོ་༤༩ ལ་སོན་པའི་རྒྱལ་གཅེས་པ་གནམ་ལྷ་ཚེ་རིང་ལགས་གསུམ་ནས། རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུན་ཐོན་ཡོད་པ་དང་། ད་ལྟའི་བར་བོད་མི་གྲངས་ ༡༠༢ ཀྱིས་རང་ལུས་མེར་སྲེག་བཏང་ཡོད་ཁོངས་ནས། མི་༨༦ ཙམ་འདས་གྲོངས་སུ་གྱུར་ཡོད་པ་སོགས་ད་ལྟའི་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཆགས་ཡོད་པར་བརྟེན།

2013_2_19_1

ཕྱི་ལོ་༢༠༡༣ ཟླ་༢ ཚེས་ ༢༠ ཉིན་བོད་བསྟན་སྲིད་མི་རིགས་དང་རང་དབང་གི་ཆེད་རང་ལུས་མེར་སྲེག་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་དང། བཙོན་འཇུག་མནར་གཅོད་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ། གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་མཚོན་སླད་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོག་གཏན་འཁེལ་ཡོད་པ་ལྟར། ཉིན་དེར་བོད་མི་ཡོད་སའི་འཛམ་གླིང་གི་ས་ཁུལ་ཡོངས་ནས། ཉིན་བརྒྱ་དུས་གཅིག་གི་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་འཚོག་རོགས་ཞེས་འབོད་སྐུལ་དང་འབྲེལ་གསལ་བསྒྲགས་བྱས་སོང་།

Share this:
༩༢ ཀློག་གྲངས།