ཁམས་ཚ་བ་མཛོ་སྒང་རྫོང་སྨད་ཡུལ་དུ་བོད་མི་དྲུག་འཇུ་བཟུང་།

བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༠ བོད་ཀྱི་ལོ་གསར་གནམ་གང་ཉིན་གྱི་མཚན་མོར་ཁམས་ཚ་བ་མཛོ་སྒང་རྫོང་། སྨད་ཡུལ་ཤང་དུ་བོད་མི་མང་པོ་ཞིག་གིས་ཤང་སྲིད་གཞུང་གི་སྒོ་ཁར་༼ཆོས་དད་རང་དབང་དགོས་༽ཞེས་ངོ་རྒོལ་སྐད་འབོད་དང་། གྱང་ལ་༼བོད་རང་བཙན་ཡིན་༽ཞེས་ཡི་གེ་སྦྱར་ཡོད་པ་རེད།

ཕྱི་ཉིན་ཕྱི་ཚེས་༡༡ བོད་ཀྱི་ལོ་གསར་ཚེས་༡ཉིན་མཛོ་སྒང་རྫོང་ནས་ཉེན་རྟོག་པ་དང་། དམག་མི་ཕོན་ཆེན་འབྱོར་ཏེ་ངོ་རྒོལ་ལས་འགུལ་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག བོད་མི་༦འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

ཉེན་རྟོག་པས་བོད་མི་དེ་དག་རྡུང་རྡེག་ཚད་མེད་བཏང་བས་མ་ཟད། མི་གཉིས་ཀྱི་རྩིབ་མ་བཅགས་པ་དང་། བོད་མི་གཞན་ཞིག་གི་ལག་པ་ཡང་བཅགས་ཡོད་པའི་གནས་ཚུལ་འདུག

ངོ་རྒོལ་སྐབས་བོད་མི་རྣམས་ཀྱིས་ཤང་གི་ལས་ཁུངས་ཁང་པར་རྡོ་གཞུས་ཡོད་འདུག་ལ། སྨད་ཡུལ་དགེ་ཚང་ཤང་ནི་ཚ་བ་མཛོ་སྒང་རྫོང་ཐོག་ནས་དུས་ཡུན་ཆུ་ཚོད་༤ ཙམ་རིང་རླངས་འཁོར་བསྡད་དེ་འགྲོ་དགོས་ཀྱི་ཡོད་འདུག་ལ། ས་ཁུལ་དེ་ནི་འབྲོག་པ་ཁོ་ན་ཡིན་འདུག ད་ལྟ་ཆར་མི་སུ་ཡིན་འཇུ་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་ཁ་གསལ་རག་མེད་པ་རེད།།

Share this:
༡༨༣ ཀློག་གྲངས།