ནང་པའི་ཚན་རིག་ཀུན་བཏུས་ཀྱི་དཔེ་དེབ་དེས་ཕན་ཐོགས་ཡོང་གི་རེད།

picture_25122༧གོང་ས་མཆོག་གི་དགོངས་གཞི་ལྟར་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་ནས་རྩོམ་སྒྲིག་བྱས་པའི་ནང་པའི་ཚན་རིག་ཀུན་བཏུས་ཀྱི་མཐའ་མའི་ཟིན་བྲིས་གཏན་འབེབས་བྱེད་ཆེད། ཕྱི་ཟླ་༡ ཚེས་༢༣ ནས་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་རྭ་སྟོད་གྲྭ་ཚང་དུ་མཁས་པའི་དཔྱད་ཞིབ་ཀྱི་བགྲོ་གླེང་ཞིག་འཚོགས་ཡོད་པ་དང་།

  རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་དགའ་ཤར་དགེ་བཤེས་བྱང་ཆུབ་སངས་རྒྱས་ལ་ཐེངས་འདིའི་བགྲོ་གླེང་མཇུག་བསྡོམས་ཀྱི་མཛད་སྒོ་དང་འབྲེལ་བའི་བཅར་འདྲི་ཞུས་པ་ཡིན།

 

དྲི་བ། ལྟ་གྲུབ་ཀུན་བཏུས་པོད་དང་པོའི་ཐོག་དཔྱད་ཞིབ་བགྲོ་གླེང་གི་གྲུབ་དོན་ག་འདྲ་བྱུང་ཡོད་པ་རེད།

ལན། ༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་སྔ་ཕྱིའི་ལམ་སྟོན་བཀའ་སློབ་བཞིན། ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་དང་རྩོམ་སྒྲིག་པ་ཆེད་བཙུགས་ཀྱིས་ལས་གཞི་འགོ་འཛུགས་ཞུས་ཏེ། ད་བར་མཁས་པའི་བགྲོ་གླེང་ཐེངས་གཉིས་འཚོགས་ཟིན། འདི་ལོར་ཡང་ཕྱི་ཟླ་༡ ཚེས་ ༢༡ ཉིན་༧གོང་ས་མཆོག་ནས་བགྲོ་གླེང་ཚོགས་བཅར་བ་མཁས་དབང་རྣམས་ལ་བཀའ་སློབ་བཀའ་དྲིན་བསྩལ་བ་གཞིར་བཟུང་ཐོག་ཚེས་༢༣ ནས་དགའ་ལྡན་ཕོ་བྲང་གི་དགེ་རྩས་རྒྱུ་སྦྱོར་གནང་བའི་འོག རྭ་སྟོད་གྲྭ་ཚང་དུ་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་གི་འགན་འཛིན་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་དང། ཀུན་བདེ་གླིང་མཆོག་སྤྲུལ་རིན་པོ་ཆེ་དང། ཟོང་མཆོག་སྤྲུལ་རིན་པོ་ཆེ། ཤར་རྩེ་མཁན་རིན་པོ་ཆེ། བློ་གླིང་དགེ་བཤེས་དཔལ་ལྡན་གྲགས་པས་གཙོས་གདན་ས་གྲྭ་ཚང་ཁག་གི་མཁས་དབང་དགེ་བཤེས་རྣམ་པ། རྩོམ་སྒྲིག་སློབ་སྟོན་པ་མཁས་དབང་དགེ་བཤེས་ཐུབ་བསྟན་སྦྱིན་པ། ཝཱ་ཎ་མཐོ་སློབ་ཁང་གི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན། དྷ་ས་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་ལྷག་རྡོར། ཨ་རི་ཨེ་མོ་རི་མཐོ་སློབ་ཁང་གི་སློབ་དཔོན་བློ་བཟང་བསྟན་འཛིན་དང། དགེ་བཤེས་དགྲ་འདུལ་རྣམ་རྒྱལ་གཙོས་ང་ཚོ་ཀུན་བཏུས་རྩོམ་སྒྲིག་པ་བཅས་འདུ་འཛོམས་ཀྱིས་ཀུན་བཏུས་པོད་དང་པོའི་མཐའ་མའི་ཟིན་བྲིས་ཐོག་མཁས་པའི་བགྲོ་གླེང་དངོས་གཞི་ཉིན་གསུམ་འཚོགས་པ་ཡིན། བགྲོ་གླེང་གི་སྐབས་ཤོག་བུ་རེ་རེ་ནས་སྐྱོན་ཆ་ཡོད་མེད་དང་དཔྱད་ཞིབ་དང་འབྲེལ་གཞུང་གི་དཀའ་གནད་ཆེ་ས་མང་པོ་ཞིག་ལ་བགྲོ་གླེང་ལྷུག་པོ་དང་དོགས་གཅོད་ཡག་པོ་ཞེ་དྲག་བྱུང་སོང་།

དྲི་བ། ལྟ་གྲུབ་ཀུན་བཏུས་ཀྱི་དཔེ་དེབ་འདི་འདོན་དགོས་པའི་དམིགས་ཡུལ་གཙོ་བོ་གང་ཡིན།
ལན། ༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་བཞིན། སྔོན་གྱི་ནང་པའི་མཁས་པ་སྤྱི་དང་། ལྷག་པར་དཔལ་ན་ལནྡྲའི་པཎ་ཆེན་རྣམས་ཀྱིས་གཞིའི་དངོས་པོའི་རྣམ་གཞག་དང་། དེ་འབྲེལ་ལྟ་གྲུབ་རིག་པ་གཉིས་ལ་ཤིན་ཏུ་ཆུ་ཚད་མཐོན་པོའི་མཛད་རྗེས་བཞག་ཡོད་པ་རྣམས་དེང་འཛམ་གླིང་སྤྱིའི་ཤེས་རིག་གི་གླེང་སྟེགས་ཀྱི་སྟེང་གཟི་འོད་སྟོན་ཐུབ་པ་ཞིག་དང་། གཉིས་ནས། བོད་རིགས་ཙམ་དུ་མ་ཟད་ལོ་རྒྱུས་ཀྱི་ཆ་ནས་བོད་ཀྱི་ནང་བསྟན་དར་བའི་སྤྱི་ཚོགས་ཁག་གི་ནང་བློ་གསར་གཞོན་ནུ་རྣམས།    གདན་ས་དང་བཤད་གྲྭ་སོགས་སུ་གཞུང་ཆེན་མོར་སྔར་སྲོལ་བཞིན་ཐོས་བསམ་གྱིས་འཇུག་པའི་གོ་སྐབས་མེད་ནའང་། ནང་པའི་གཞུང་ནས་བཤད་པའི་དངོས་པོའི་གནས་ཚུལ་དང་། དེ་འབྲེལ་ནང་པའི་ལྟ་གྲུབ་ཀྱི་གནད་གལ་ཆེ་བ་དག་ལ་དེང་རབས་ཀྱི་ཚུལ་དུ་མ་མཐའང་ངོ་སྤྲོད་ཙམ་དུ་སློབ་སྦྱོང་བགྱི་བའི་གོ་སྐབས་སྤྲོད་ཐུབ་ཐབས་དང་། གསུམ་ནས། དེང་དུས་ཚན་རིག་པ་རྣམས་ཀྱིས་ནང་པའི་གཞུང་ནས་བཤད་པའི་སེམས་ཁམས་རིག་པ་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་པ་རྣམས་ལའང་། ཀུན་བཏུས་འདིའི་ཐོག་ནས་ལྡེ་མིག་ལྟ་བུ་ཞིག་སྤྲད་དེ། འབྲེལ་ཡོད་ཀྱི་གཞུང་ཆེན་མོར་རྟོག་ཞིབ་ཀྱིས་འཇུག་ཐུབ་པ་སོགས་དམིགས་ཡུལ་གལ་ཆེན་དེ་དག་བཟུང་ཡོད།

དྲི་བ། དཔེ་དེབ་དེའི་ནང་དོན་ནམ་བརྗོད་དོན་གཙོ་བོ་གང་ཡིན།
ལན། ཀུན་བཏུས་པོད་དང་པོ་དེ་འཕགས་ཡུལ་གྱི་ནང་པའི་གཞུང་ལས་བྱུང་བའི་ཚན་རིག་གི་སྐོར་ཡིན་ཞིང། དེ་ལ་སྔོན་གླེང་ངོ་སྤྲོད་དུ་ནང་པའི་གཞུང་ནས་བྱུང་བའི་དངོས་པོའི་རྣམ་གཞག་དང་། དེང་རབས་ཚན་རིག་གིས་གྲུབ་པའི་རྣམ་གཞག་དབར་གྱི་འབྲེལ་བའི་སྐོར། གཞུང་དངོས་གཞི་ལ་སྐབས་བཅུར་ཕྱེ་ཡོད། སྐབས་དང་པོ། གཞུང་གི་སྤྱི་བཤད་ལ། དངོས་པོའི་རྣམ་གཞག་གཏན་ལ་འབེབས་པའི་ཐབས་དང་དཔྱོད་པའི་སྒོ། སྐབས་གཉིས་པ་ནས་ལྔ་པའི་བར་གྱིས། གཟུགས་ཅན་གྱི་ངོ་བོ་དང་། འབྱུང་བ་དང་འབྱུང་གྱུར་གྱི་ཁྱད་པར། གཟུགས་ཅན་རྩོམ་བྱེད་ཀྱི་རྡུལ་ཕྲ་མོའི་རྣམ་གཞག། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས། དུས་གསུམ་གྱི་རྣམ་གཞག དུས་ཀྱི་ཐུང་མཐའ་ལས་བརྩམས་པའི་དཔྱད་པ། མི་རྟག་པ་ཕྲ་མོ་འཇོག་ཚུལ། མངོན་པའི་གཞུང་ནས་གསུངས་པའི་སྣོད་བཅུད་ཀྱི་འཇིག་རྟེན་འབྱུང་འཇིག་གི་སྐོར། དུས་འཁོར་ནས་གསུངས་པའི་མཁའ་རྡུལ་དང་། གོ་ལའི་འཁོར་བགྲོད། འཇལ་བྱེད་ཀྱི་ཚད་དང་གྲངས་ཀྱི་རྣམ་གཞག མདོ་སྡེ་དང་དུས་འཁོར། སྨན་གཞུང་བཅས་ནས་མངལ་དུ་ལུས་ཀྱི་ཆགས་རིམ་གསུངས་པའི་སྐོར་དང་། སྐབས་དྲུག་པ་ནས་བཅུ་པའི་བར་གྱིས། ཡུལ་ཅན་བློའི་ངོ་བོ་དང་། ལུས་ཡིད་བློའི་ལྡོག་བྱེད་ཀྱི་རྒྱུ་ཡིན་མིན་གྱི་དཔྱད་པ། ལུས་སེམས་འབྲེལ་བའི་སྐོར། ཀླད་པ་དང་རྩ་རླུང་གི་རྣམ་གཞག །བློ་རིག་བདུན་གྱི་སྐོར། དབང་ཤེས་དང་ཡིད་ཤེས་གཉིས་ཀྱི་ཁྱད་པར་དང་དབང་ཤེས་སྐྱེ་བའི་རྐྱེན་དམིགས་རྐྱེན་སོགས་གསུམ། རྟོག་པ་དང་རྟོག་མེད་ཀྱི་བློའི་ཁྱད་པར། འཇལ་བྱེད་ཚད་མའི་སྐོར། འཁྲུལ་ཤེས་དང་མ་འཁྲུལ་བའི་ཤེས་པ། བློ་ཡུལ་ལ་འཇུག་པའི་ཚུལ་ལས་ཡུལ་བཞིའི་རྣམ་གཞག དབང་ཤེས་རྣམ་པ་དང་བཅས་མ་བཅས་ཀྱི་སྐོར། སེལ་འཇུག་དང་སྒྲུབ་འཇུག་གི་ཁྱད་པར། དགག་པ་དང་སྒྲུབ་པའི་རྣམ་གཞག སེམས་དང་སེམས་བྱུང་གི་ཁྱད་པར། མངོན་པ་ཀུན་བཏུས་ནས་གསུངས་པའི་སེམས་བྱུང་ང་གཅིག་དང་དེ་དག་རྫས་བཏགས་ཀྱི་ཁྱད་པར། མངོན་པ་མཛོད་ལས་གསུངས་པའི་སེམས་བྱུང་ཞེ་དྲུག་གི་རྣམ་གཞག མདོ་དྲན་པ་ཉེར་བཞག་ནས་གསུངས་པའི་སེམས་བྱུང་གི་སྐོར། བྱེ་བྲག་བཤད་མཚོ་ཆེན་མོ་ནས་གསུངས་པའི་སེམས་བྱུང་ང་བདུན། གནས་བརྟན་སྡེ་པའི་གཞུང་ནས་གསུངས་པའི་སེམས་བྱུང་ང་གཉིས། དབུ་མ་རིན་ཆེན་ཕྲེང་བ་ནས་གསུངས་པའི་ཉེས་པ་འབྱུང་བའི་གཞི་ང་བདུན། གཞི་བསྡུ་བར་གསུངས་པའི་སེམས་བྱུང་གི་རྣམ་གྲངས། ཕུང་པོ་ལྔའི་རབ་བྱེད་སོགས་གཞུང་གཞན་ལས་ཀྱང་གསུང་ཚུལ། སེམས་བྱུང་གི་གྲངས་ཕྱོགས་གཅིག་ཏུ་བསྡེབས་པ། ཉོན་མོངས་སྐྱེ་བའི་རྒྱུ་དང་རྐྱེན་བཤད་པ། སེམས་བྱུང་ནང་ཕན་ཚུན་གནོད་བྱ་གནོད་བྱེད་དུ་འགྱུར་པའི་ཚུལ། བློ་སྦྱངས་པ་ལས་སེམས་ལ་འཕེལ་འགྲིབ་ཀྱི་འགྱུར་བ་འགྲོ་བའི་ཚུལ། ཐེག་པ་ཐུན་མོང་བའི་གཞུང་ནས་བྱུང་བའི་སེམས་ཕྲ་རགས་ཀྱི་རྣམ་གཞག།   སེམས་རྩེ་གཅིག་པའི་ཞི་གནས་སྒྲུབ་པའི་ཚུལ། དེ་ལ་བརྟེན་ནས་ལྷག་མཐོང་སྐྱེ་བའི་ཚུལ། དཔྱད་སྒོམ་དང་འཇོག་སྒོམ་གྱི་ཁྱད་པར། སྔགས་བླ་མེད་ཀྱི་གཞུང་ནས་བྱུང་བའི་སེམས་ཕྲ་རགས་སོགས་གོང་བརྗོད་དེ་དག་རྒྱལ་བའི་བཀའ་དང་འཕགས་ཡུལ་གྱི་པཎ་གྲུབ་རྣམས་ཀྱི་གཞུང་ཁོ་ནར་གཏུགས་ཏེ། བཀའ་བསྟན་གྱི་གཞུང་ཚན་མི་འདྲ་བ་ཉིས་བརྒྱ་ལྷག་དང་ཆོས་ཚན་མི་འདྲ་བ་བརྒྱད་བརྒྱ་ལྷག་འདུས་ཡོད། སྐབས་སོ་སོ་དང་བརྗོད་དོན་ཆེ་ཁག་གི་དབུར། མཚམས་སྦྱོར་དང་ངོ་སྤྲོད་ཀྱི་བཤད་པ་སོགས་བཀོད་དེ་གོ་བདེར་བཀྲལ་ཡོད།

དྲི་བ། ནང་པའི་ལྟ་གྲུབ་ཀུན་བཏུས་ཀྱི་དཔེ་དེབ་འདི་ག་དུས་འདོན་ཐུབ་ཀྱི་རེད།
ལན། པོད་དང་པོ་ཚན་རིག་གི་སྐོར་ཐ་མའི་དཔྱད་ཞིབ་དེ་རིང་ནས་གྲུབ་པ་རེད། རིམ་པས་༧གོང་ས་མཆོག་ལ་སྤྱན་ཞུས་དང་འབྲེལ་མཐའ་མའི་གཏན་འབེབས་ཞུས་ཏེ། ལོ་འདིའི་ནང་ལེགས་གྲུབ་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལ། རིམ་པས་དབྱིན་ཇི་སྐད་ཡིག་གིས་མཚོན་འཛམ་གླིང་སྐད་ཡིག་ཆེ་ཁག་གི་ནང་དུའང་ཕབ་སྒྱུར་གནང་གཏན་ཁེལ་ཡོད། པོད་གཉིས་པ་ལྟ་གྲུབ་ཀྱི་སྐོར་དེ་ཡང་ཕྱི་ལོ་༢༠༡༤ ནང་ཚུན་ལེགས་གྲུབ་ཡོང་བའི་རེ་བ་བྱེད་བཞིན་ཡོད།

དྲི་བ། དཔེ་དེབ་འདིའི་ཕན་ཐོགས་ག་འདྲ་ཡོང་རྒྱུར་རེ་བ་བྱེད་ཀྱི་ཡོད།
ལན། གཙོ་བོ་དེབ་དེ་ཕབ་སྒྱུར་བྱས་པའི་རྗེས་ནང་ཆོས་དོན་གཉེར་ཅན་གྱི་མི་རིགས་འདྲ་མིན་ལ་ཕན་ཐོགས་ཡོང་མིན་བལྟ་རྒྱུ་རེད། ༧གོང་ས་མཆོག་གིས་ཐུགས་རེ་གནང་བ་བཞིན་ཏན་ཏན་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་ཡོད། ད་ལྟའི་སྐབས་གཞོན་སྐྱེས་དང་ཕྱི་རྒྱལ་གྱི་མི་རིགས་མང་པོས་ནང་པའི་གཞུང་ནས་གསུངས་པའི་གཞིའི་དངོས་པོའི་རྣམ་གཞག་དང་དེ་འབྲེལ་ལྟ་གྲུབ་ཀྱི་ཐད་ལ་དོ་སྣང་ཤིན་ཏུ་ཆེ་ཡང།   ཁོང་ཚོའི་བློ་དང་འཚམས་པའི་སྦྱང་གཞིའི་དེབ་དང། དེ་ཡང་སྐད་ཡིག་འདྲ་མིན་ཐོག་ལ་ཡོད་པ་དཀོན་པོ་ཡིན། ཀུན་བཏུས་ཀྱི་དེབ་འདི་ནི་༧གོང་ས་མཆོག་གི་བཀའ་འབྲེལ་འོག ཐོག་མར་གདན་སའི་མཁས་དབང་དགེ་བཤེས་བདུན་ཅུས་ལུང་ཁུངས་ཀྱི་ས་བོན་ཐོག་དཔྱད་ཞིབ་གནང་བ་དང་། བར་ཏུ་མཁས་དབང་དགེ་བཤེས་བཞི་བཅུ་ལྷག་ནས་དཔྱད་ཞིབ་དང་བགྲོ་གླེང་གནང་ཡོད། མཐའ་མའི་ཟིན་བྲིས་ཐོག་གོང་ཞུས་ཀྱི་མཁས་དབང་སུམ་ཅུ་ལྷག་ནས་བགྲོ་གླེང་གནང་སྟེ། ལེགས་པར་གཏན་ལ་ཕབ་པ་ལྟ་བུ་བྱུང་ཡོད། དེར་བརྟེན་དེབ་དེ་སྤུས་དག་པོ་ཞིག་དང་མང་པོ་ཞིག་ལ་ཕན་ཐོགས་ཡོང་རྒྱུར་རེ་བ་དང་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད།
མོན་གྷོ་གསར་འགོད་པས་བཅར་འདྲི་བྱས།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་ ༤༢༦  ཕྱི་ལོ་ ༢༠༡༣/༢/༢༠ ཉིན་ཐོག་བཀོད།

Share this:
༩༦ ཀློག་གྲངས།