ཨ་མདོ་བྱ་ཁྱུང་དུ་རང་ལུས་མེར་སྲེག་གི་ངོ་རྒོལ།

ཟླ་འདིའི་ཚེས་༢༤ བོད་ནང་གི་དགོང་མོའི་ཆུ་ཚོད་ ༨ ཡས་མས་ལ། ཨ་མདོ་བྱ་ཁྱུང་དགོན་པའི་ནང་། བོད་མི་ཕག་མོ་དོན་གྲུབ་ཅེས་པ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་འདུག

དེ་ཡང་མཚོ་སྔོན་མངའ་ཁུལ་བྱ་ཁྱུང་དགོན་པའི་ནང་དུ་མེར་སྲེག་གཏོང་མཁན་བོད་མི་དེ་རང་ལོ་ ༢༡ ཡས་མས་ཡིན་པ་དང། མི་ལ་ཕག་མོ་དོན་གྲུབ་ཟེར་གྱི་ཡོད་འདུག ཁོང་གིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བ་དང་། གནས་ཚུལ་དེ་བྱུང་མ་ཐག་བྱ་ཁྱུང་དགོན་པའི་དགེ་འདུན་པ་ཁག་ཅིག་གིས་ཁོང་སྨན་ཁང་དུ་འཁྲིད་ཡོད་འདུག དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་དགོན་པའིནང་དུ་འབྱོར་ཡོད་འདུག་ལ། ཁོང་འདས་གྲོངས་སུ་སོང་ཡོད་མེད་གསལ་ཁ་མི་འདུག བྱ་ཁྱུང་དགོན་པའི་དགེ་འདུན་པ་ཡོངས་ཀྱིས་བསྔོ་སྨོན་གསུངས་ཡོད་འདུག

ཁོང་བྱ་ཁྱུང་དགོན་པའི་ཉེ་འཁྲིས་བ་ཡན་རྫོང་༼དཔའ་ལུང་རྫོང་༽ཚྭ་ཕུག་ཞང་ས་དཀར་གོང་བ་སྡེ་པ་ནས་ཡིན་འདུག

Share this:
༡༧ ཀློག་གྲངས།