འགན་འཛིན་ལྷན་ཚོགས་དང་ཆུ་སྒང་དཔའ་བོའི་རྗེས་དྲན་ཚོགས་ཁང་སྒོ་འབྱེད།

chushi1_2013_4_25ཕྱི་ཚེས་༢༥ རེས་གཟའ་ཟླ་བའི་ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་༤༣ པ་དབུ་འཛུགས་དང་སྟབས་བསྟུན། སྐུ་མགྲོན་གཙོ་བོ་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་ཆུ་སྒང་དཔའ་བོའི་རྗེས་དྲན་ཚོགས་ཁང་གསར་པ་དེ་ཉིད་སྒོ་འབྱེད་གནང་ཡོད་པ་རེད།

དེ་ཡང་གོང་ཚེས་ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་༤༣ པའི་དབུ་འབྱེད་དང། ཆུ་སྒང་དཔའ་བོའི་རྗེས་དྲན་ཚོགས་ཁང་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོ་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་ཕེབས་ཡོད་པ་དང། འགན་འཛིན་ལྷན་ཚོགས་འདིར་མདོ་སྟོད་སྤྱི་འཐུས་ཕལ་ཆེ་བ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཁག་ཅིག དབུས་རྒྱུན་ལས་རྣམ་པ། དེ་བཞིན་ས་གནས་ཁག་སུམ་ཅུ་ལྷག་ཅིག་གི་ཚོགས་གཙོ་དང་དྲུང་ཆེ་སྐུ་ཚབ་སོགས་ཕེབས་ཡོད་པ་རེད།

tenba_tserin_2013_2_25མཛད་སྒོའི་ཐོག་མ་སྐུ་མགྲོན་གཙོ་བོ་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་ཆུ་སྒང་དཔའ་བོའི་རྗེས་དྲན་ཚོགས་ཁང་དབུ་འབྱེད་ཀྱི་དར་ཚོན་གཅོད་འབྲེག་གནང་ཞིང། སྐུ་མགྲོན་གཙོ་བོ་མཆོག་དང་དབུས་རྒྱུན་ཚོགས་གཙོ་སོགས་ཀྱིས་དབུས་སྐུ་མགྲོན་དང་ཚོགས་ཞུགས་པ་ཡོངས་ཀྱིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་པོ་དང། དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་སྐུ་པར་ལ་རྟེན་འབྲེལ་མཇལ་དར་ཕུལ་རྗེས། དབུས་རྒྱུན་ཀརྨ་མཁས་གྲུབ་ལགས་ཀྱིས་མཛད་རིམ་སྒྲོགས་སྦྱང་གནང་རྗེས་སྐུ་མགྲོན་རྣམ་པ་དང་ཚོགས་མི་རྣམས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང། བོད་བསྟན་སྲིད་མི་རིགས་ཀྱི་རང་དབང་སླར་གསོའི་ཆེད་དུ་རླབས་ཆེན་བྱས་རྗེས་ཅན་གྱི་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་དབུས་སྔོན་གཤེགས་དཔའ་བོ་རྣམས་དང། ལྷག་དོན་དུ་བོད་རང་དབང་སླར་གསོའི་འཐབ་རྩོད་ཆེད་རང་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཆེད་གུས་འདུད་ངག་བཅད་སྐར་མ་གཅིག་ཞུས།

chushi1_2013_4_25

དབུས་རྒྱུན་ཚོགས་གཙོ་སྤྱི་ཟུར་གླིང་ཚང་པདྨ་བདེ་ལེགས་ལགས་ཀྱིས་མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་༤༣ པའི་དབུ་འཛུགས་ཀྱི་གསུང་བཤད་གནང་བའི་སྐབས། ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ལས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལོ་གཅིག་གི་ལས་དོན་བྱེད་ཕྱོགས་དང། ལྷག་དོན་དུ་ཆུ་སྒང་དབུས་རྒྱུན་ལས་ཁང་གི་གསར་རྒྱག་བྱས་པའི་ཆུ་སྒང་དཔའ་བོའི་རྗེས་དྲན་ཚོགས་ཁང་གསར་རྒྱག་བྱེད་དགོས་དོན་ནི། ཕྱོགས་གཅིག་ནས་ལོ་ལྟར་འགན་འཛིན་ལྷན་ཚོགས་འཚོགས་པའི་སྐབས་གུར་གླས་ནས་འགྲོ་སོང་མང་པོ་ཞིག་གཏོང་དགོས་བྱུང་ཡོད་པ་དང།  གཉིས་ནས་ལྡི་ལི་བོད་སྒར་དུ་ཚོགས་ཁང་འདི་འདྲ་ཞིག་མེད་པའི་དཀའ་ངལ་ཆེན་པོ་ཞིག་ཡོད་པ་རེད། དེར་བརྟེན་རྒྱ་གར་གྱི་རྒྱལ་སའི་ནང་དུ་སོང་ནས་ཁང་པ་གླ་དགོས་པ་དེ་འདྲ་ཡོང་གི་ཡོད་པ་རེད་ལ། ཐག་རིང་པོ་དང་འགྲོ་སོང་ཆེན་པོ་ཡིན་པ་སོགས་ཀྱི་ཐོག་ནས་ཚོགས་ཁང་གསར་རྒྱག་བྱས་པའི་དམིགས་ཡུལ་དང་རྒྱུ་མཚན་སྐོར་ངོ་སྤྲོད་གསུང་བཤད་གནང་།

སྐུ་མགྲོན་གཙོ་བོ་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་མཛད་སྒོ་དང་འབྲེལ་བའི་སྐོར་གསུང་བཤད་གནང་བའི་སྐབས། ཆུ་སྒང་དཔའ་བོའི་རྗེས་དྲན་ཚོགས་ཁང་གསར་པ་དབུ་འབྱེད་ཀྱི་མཛད་སྒོ་ལ་ཤོག་གསུངས་པ་བཞིན་བཅར་ཐུབ་པ་དང། ལྷན་རྒྱས་ཚོ་ཚང་མ་ལ་མཇལ་བར་ཧ་ཅང་དགའ་པོ་བྱུང། ཚོགས་གཙོས་འགྲེལ་བཤད་གསལ་པོ་གནང་བ་བཞིན་ཚོགས་ཁང་གསར་རྒྱག་ཐུབ་པ་དེ་གལ་ཆེན་པོ་རེད། ཚོགས་ཁང་ཞིག་གསར་རྒྱག་བྱེད་པའི་སྐབས་སུ་དགོས་པ་དམིགས་ཡུལ་གཉིས་འཛིན་དགོས་པ་རེད་བསམ་གྱི་འདུག ཚོགས་པ་ལ་དཔལ་འབྱོར་འདུ་འགོད་ཡོང་བ་དང། སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུ་གཉིས་ཡོད་པ་རེད། ད་ལམ་ཆུ་བཞི་སྒང་དྲུག་ཚོགས་པའི་ངོས་ནས་ཚོགས་ཁང་གསར་རྒྱག་གནང་བ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང། ཚོགས་པ་དེ་ཡང་ཚོགས་པ་གལ་ཆེ་ཤོས་ཤིག་ཆགས་བསྡད་ཡོད་པ་རེད། འདིའི་ཐོག་ནས་སྤྱི་ཚོགས་ལ་ཞབས་འདེགས་དང་ཕན་འདོགས་རྒྱུ་དེ་ཡང་དེ་བཞིན་གལ་ཆེན་པོ་རེད་ཅེས་སོགས་དང། ཚོགས་ཁང་འདི་ཉིད་མ་འོངས་པར་བེད་སྤྱོད་དོན་དང་མཐུན་པ་ཞིག་ཡོང་ཐབས་སུ་སྔོན་མ་ནས་འཆར་འགོད་བྱེད་དགོས་པ་དང། ལྷག་པར་དུ་ཚོགས་ཁང་འདིར་ཆོས་དང། ཆབ་སྲིད། ཤེས་ཡོན་སོགས་དང་འབྲེལ་བའི་བགྲོ་གླེང་མང་ཙམ་དགོས་སྐོར་སོགས་ལམ་སྟོན་གནང་སོང།

chushi_2013_4_25དེ་བཞིན་ཆུ་བཞི་སྒང་དྲུག་ཅེས་པའི་ཚོགས་པ་འདི་བོད་ནང་དུ་རྒྱལ་གཅེས་དཔའ་བོ་མང་པོ་ཞིག་གིས་ཚེ་སྲོག་བློས་བཏང་བྱས་ནས་བཙུགས་པའི་ཚོགས་པ་གལ་ཆེན་པོ་ཞིག་རེད། སྒྲིག་འཛུགས་འདིའི་མིང་ཐོག་ནས་བར་ལམ་རྙོག་གྲ་ཡང་བྱུང་མྱོང་བ་རེད། རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གིས་ལུས་སྲོག་བློས་བཏང་ནས་བཙུགས་བཞག་པའི་ཚོགས་པ་འདི་མིག་དཔེ་འོས་པ་ཞིག་དགོས་སྐོར་དང། མ་འོངས་པར་བོད་པ་ཚང་མ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་ལ་ནུས་ཤུགས་འདོན་དགོས་པ། དེ་བཞིན་མི་རབས་གསར་པ་སྐྱེད་སྲིང་བྱེད་ཕྱོགས་ལ་འབད་བརྩོན་བྱེད་དགོས་པའི་སྐོར་ལམ་སྟོན་ཡང་གནང་སོང་ལ། ད་བར་ན་གཞོན་གང་མང་ཞིག་ལ་མཐོ་སློབ་ཀྱི་སློབ་ཡོན་ཁ་སྣོན་གནང་བཞིན་ཡོད་པར་བསྔགས་བརྗོད་གནང་བ་སོགས་བཀའ་སློབ་ལམ་སྟོན་གནང་སོང། དེའི་རྗེས་སུ་ཆུ་སྒང་དབུས་རྒྱུན་དྲུང་གཞོན་དགེ་བཤེས་ངག་དབང་བློ་བཟང་གིས་ཐུགས་རྗེ་ཆེ་ཞུས་ནས་མཛད་སྒོ་གྲོལ་ཡོད་པ་རེད།

མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་༤༣ པ་དེ་ཕྱི་ཟླ་༢ ཚེས་༢༥ ནས་༢༧ བར་ཉིན་གསུམ་རིང་ཚོགས་བཞིན་ཡོད་པ་དང། འགན་འཛིན་ལྷན་ཚོགས་འདིའི་སྐབས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལོ་གཅིག་གི་ལས་བསྡོམས་ལ་བགྲོ་གླེང་དང། ལོ་གཅིག་གི་བྱུང་སོང་རྩིས་ཁྲ། ལོ་གཅིག་གི་རྩིས་ཞིབ་ཚོགས་ཆུང་གི་རྩིས་ཞིབ་བྱས་པའི་རྩིས་ཞིབ་སྙན་ཐོ། ལོ་གཅིག་གི་སྔོན་རྩིས་བཀའ་འཁྲོལ་གནང་ཕྱོགས་སྐོར་བཅས་ལ་བགྲོ་གླེང་གནང་བཞིན་ཡོད་པ་རེད།།

Share this:
༦༣ ཀློག་གྲངས།