བོད་ཡིག་དེབ་གཟུགས་རྒྱལ་སྤྱིའི་དེབ་གཟུགས་ཀྱི་ཚད་ལོངས་དགོས།

monlam_2013_2_26ཟླ་འདིའི་ཚེས་༢༦ ནས་ཉིན་བདུན་རིང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་བོད་ཡིག་དང་འབྲེལ་བའི་དེབ་རིགས་ཇུས་འགོད་བྱ་སྟངས་སྐོར་ལ་ཟབ་སྦྱོང་ཞིག་དྷ་ས་དཔེ་མཛོད་ཚོགས་ཁང་དུ་འཚོག་བཞིན་ཡོད་པ་དང། ཚོགས་ཞུགས་པ་བཙན་བྱོལ་ནང་དེབ་རིགས་འཇུས་འགོད་དང་རྩོམ་སྒྲིག་སྡེ་ཚན་ནང་ལས་ཀ་བྱེད་མཁན་༨༠ ལྷག་འཛུལ་ཞུགས་བྱས་ཡོད་པ་རེད།

monlam_2013_2_26

མཛད་སྒོའི་ཐོག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་གྱིས་བོད་ཡིག་དེ་དེང་དུས་བརྡ་འཕྲིན་ནང་བེད་སྤྱོད་བྱས་ཏེ། སྐད་ཡིག་གི་ཁོར་ཡུག་རྒྱ་ཆེ་རུ་གཏོང་དགོས་སྐོར་དང་། ང་ཚོས་བོད་ཡིག་དེབ་གཟུགས་བཟོས་བཞག་པ་ལས་རྒྱལ་སྤྱིའི་དེབ་གཟུགས་ཀྱི་ཚད་ལོངས་མཁན་དཀོན་པོ་ཡིན་སྐོར་གསུངས་སོང་། དེབ་གཟུགས་ཆེ་ཆུང་དེ་ཚོ་རྒྱལ་སྤྱིའི་དེབ་གཟུགས་ཀྱི་ཚད་ལོངས་པའི་གཅིག་གྱུར་ཡོང་ཐབས་དང་། གློག་ཀླད་ནང་བོད་ཡིག་གི་དཀའ་ངལ་སེལ་ཐབས། མ་འོངས་པའི་ལས་དོན་བྱེད་ཕྱོགས་ལ་བསམ་ཚུལ་བསྡུ་ལེན་བཅས་བྱེད་ཀྱི་ཡོད་སྐོར་ཡང་ངོ་སྤྲོད་གནང་སོང་།

ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་གྱིས་བོད་ཡིག་དེ་ཁྱབ་སྤེལ་དགོས་པ་གལ་ཆེན་ཡིན་སྐོར་གསུངས་པ་དང་འབྲེལ་ཁོང་གིས་གསུངས་དོན། “བོད་ནང་རང་ལུས་མེར་སྲེག་གིས་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཚོས་ཀྱང་སྐད་ཡིག་སྲུང་སྐྱོབ་ཆེད་སྐད་འབོད་བྱེད་ཀྱི་ཡོད་པ་རེད། ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་དུ་དཀའ་ལས་རྒྱག་དགོས་པ་རེད་ལ། ནུས་པ་དེ་ཤེས་ཡོན་གྱི་ཐོག་ནས་འདོན་ཐུབ་དགོས་པ་རེད། བོད་པའི་སྐད་ཡིག་གི་ངོ་བོར་ཆ་བཞག་ནའང་། ང་ཚོས་ཞེན་ཁོག་བྱས་ནས་རྩ་ཆེན་པོ་ཡིན་ལབ་པ་ཙམ་ལས། གཞན་དོ་སྣང་བྱེད་མཁན་མེད་ན། སྐད་ཡིག་དེ་རིམ་པས་ཉམས་འགྲོ་ཡི་རེད། ཡིན་ཡང་ཕྱི་རྒྱལ་ཁག་ནས་བོད་ཡིག་སློབ་རོགས་བྱོས་ཞེས་ག་ཚོད་མང་པོ་ཡོང་གི་འདུག བོད་ཀྱི་སྐད་ཡིག་དེའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་རྩ་ཆེན་པོ་མང་པོ་ཞིག་སྦྱོང་ཐུབ་ཀྱི་ཡོད་པ་ཧ་གོ་ནས་རེད། ང་ཚོས་དེའི་རིན་ཐང་དེ་ཧ་མ་གོ་བ་ཡིན་ནམ། དཀའ་ལས་ཞེ་དྲག་རྒྱག་ཐུབ་ཀྱི་མི་འདུག་”ཅེས་བོད་ཀྱི་ཆོས་དང་རིག་གཞུང་ལ་འཛམ་གླིང་ནས་དོ་སྣང་བྱེད་ཀྱི་ཡོད་སྐབས། བོད་ཡིག་དེ་རྒྱལ་སྤྱིའི་ནང་སླེབས་ཐུབ་པ་ཞིག་བྱེད་དགོས་སྐོར་གསུངས་སོང་།

monlam1_2013_2_26ཁོང་གིས་མུ་མཐུད་གསུངས་དོན། “དེབ་གཟུགས་དེ་ཚོ་ཡང་འཛམ་གླིང་གི་དེབ་ཁང་ག་འདྲ་ཞིག་གི་ནང་དུ་བསྒྲིགས་ཀྱང་ཏག་ཏག་འགྲོ་བ་དང་མཐོང་བདེ་པོ་ཞིག་དགོས་པ་རེད། དེ་བཞིན་རྒྱལ་ཁབ་ཁག་གི་ནང་སོ་སོའི་མི་རིགས་ཀྱི་ངོ་བོ་ལྡན་པ་དང་། རྒྱལ་ཁབ་སོ་སོར་ཐུན་མོང་མ་ཡིན་པའི་དེབ་གཟུགས་ཡོད་པས། བོད་པའི་རྣམ་པ་མཚོན་ཐུབ་པའི་དེབ་གཟུགས་དེ་འདྲ་བཟོ་ཐུབ་མིན་སྐོར་ལ་བསམ་བློ་གཏོང་དགོས་པ་རེད། དེབ་དེ་བཟོ་སྐབས་ནང་དོན་གྱི་རིན་ཐང་མཚོན་ཐབས་ཀྱི་སྤུས་དག་པོ་དགོས་པ་རེད། གནའ་སྔ་མོའི་དེབ་གཟུགས་བཟོ་སར་སློབ་གྲྭ་དེ་འདྲར་སོང་ཡོད་པ་མ་རེད་མོད། བཀའ་འགྱུར་བསྟན་འགྱུར་དེ་ཚོ་བརྗོད་བྱ་རྩ་ཆེན་པོ་ཡིན་པས་གསེར་ཡིག་དངུལ་ཡིག་བྲིས་ཡོད་པ་རེད། རྒྱས་སྤྲོས་དགོས་ཀྱི་ཡོད་མེད་གང་ཤེས། ཡིན་ཡང་རྩ་ཆེན་པོ་དང་གུས་ཞབས་མཚོན་ཆེད་དེ་ཡང་དགོས་མིན་བསམ་བློ་གཏོང་དགོས་པ་ཞིག་རེད། ང་ཚོ་དཔེ་མཛོད་ཀྱིས་འདི་གསེར་ཡིག་དང་དངུལ་ཡིག་རེད་ཅེས་གནའ་སྔ་མོའི་དེབ་དེ་ཚོ་ཕྱི་རྒྱལ་ཁག་ལ་རྩ་ཆེན་པོ་བྱས་ནས་སྟོན་གྱི་ཡོད་པ་རེད་”ཅེས་དང་། དེབ་རྩ་ཆེན་པོ་མཚོན་ཐབས་ཤིག་ཀྱང་དགོས་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་ཅ་ལག་ག་རེ་ཡིན་ཡང་བོད་པའི་རྣམ་པ་མཚོན་ཐབས་དགོས་པ་དང་། ས་གནས་གང་སར་བོད་ཡིག་ཁྱབ་སྤེལ་ཡོང་ཐབས་དགོས་སྐོར་གསུངས་སོང་།།

Share this:
༥༠ ཀློག་གྲངས།