ཆོ་འཕྲུལ་སྨོན་ལམ་ཆེན་མོ་འབྲས་སྤུངས་སུ་འཚོགས་པ།

munlam1_mundgodཟླ་འདིའི་ཚེས་༡༧ ནས་ཉིན་བཅུའི་རིང་རྗེ་ཙོང་ཁ་པ་ཆེན་པོའི་མཛད་ཆེན་བཞིའི་ཡ་གྱལ་དཔལ་རི་བོ་དགེ་ལྡན་པའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་འབྲས་སྤུངས་དགོན་པར་འཚོགས་ཡོད་པ་རེད།

དེ་ཡང་ཉིན་བཅུའི་རིང་གི་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་དགའ་ལྡན་ཁྲི་རིན་པོ་ཆེ་གཙོས་གདན་ས་ཆེན་པོ་དགའ་འབྲས་གཉིས་ཀྱི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་དང་། ཚོགས་ཞུགས་པ་དགའ་འབྲས་གཉིས་དང་རྭ་སྟོད་བཅས་ཀྱི་དགེ་འདུན་པ་ཕོན་ཆེན་ཆེད་ཕེབས་ཡོད་པ་རེད།

རྗེ་རིན་པོ་ཆེའི་མཛད་ཆེན་བཞིའི་ཡ་གྱལ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འདི་རྩ་བའི་ཆ་ནས་ལོ་ལྟར་དགའ་འབྲས་རེས་མོ་བྱས་ནས་འཚོག་གི་ཡོད་པ་རེད་ལ།  སྨོན་ལམ་སྐབས་སུ་ལོ་དེའི་སྐབས་ཀྱི་གསར་དུ་ཐོན་པའི་གདན་ས་གསུམ་གྱི་དགེ་བཤེས་ལྷ་རམ་པ་གང་ཡོད་པ་ཚང་མ་ཆེད་ཕེབས་གནང་ནས་ཉིན་རེ་བཞིན་ཞོགས་པ་ཚད་མ་རྣམ་འགྲེལ་དང་ཉིན་གུང་དབུ་ཕར་གཉིས་དང་།   དགོང་མོ་མཛོད་འདུལ་གཉིས་བཅས་ཀྱི་དམ་བཅའ་ འཇོག་དགོས་པ་མ་ཟད། ལོ་ལྟར་ཉིན་དེ་དག་གི་རིང་ལ་དགའ་ལྡན་ཁྲི་རིན་པོ་ཆེ་དང་ཡང་ན་ཤར་བྱང་ཆོས་རྗེ་རྣམ་གཉིས་གང་རུང་གིས་གསུང་ཆོས་འཆད་ཉན་གནང་གི་ཡོད་པ་རེད།

དེ་བཞིན་༧གོང་ས་མཆོག་གི་གཙོས་རིས་མེད་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་སྐུ་ཚེ་ཡུན་དུ་བརྟན་ཞིང་མཛད་འཕྲིན་རྒྱས་པ་དང་།  བོད་དོན་བདེན་མཐའ་མྱུར་ཏུ་གསལ་བ་སོགས་ཀྱི་བདེ་རྩར་ཁོ་ནར་དམིགས་ཏེ་དགེ་འདུན་པ་ཡོངས་ཀྱིས་ཉིན་རེ་བཞིན་སྨོན་ལམ་དང་ཞབས་རིམ་གསོག་སྒྲུུབ་གནང་གི་ཡོད་པ་རེད།  དེ་ནས་ཕྱི་ཚེས་༢༥ ཉིན་གྱི་དགོང་དྲོ་འབྲས་སྤུངས་བླ་སྤྱིའི་འདུ་ཁང་མདུན་དུ་བཅོ་ལྔ་མཆོད་པ་སྒྲིག་བཤམ་བྱས་ནས་མོན་གྷོ་ས་གནས་མི་མང་གིས་མཇལ་ཁ་ཞུས་པ་དང་། ཚེས་༢༦ ཉིན་འབྲས་སྤུངས་སྒོ་མང་གྲྭ་ཚང་གིས་གོ་སྒྲིག་འོག་གཏོར་རྒྱག་སོགས་ཉིན་བཅུའི་རིང་གི་ལས་རིམ་ཆེ་ཁག་རྣམས་ཡོངས་སུ་ལེགས་པར་གྲུབ་ནས། ཚེས་༢༧ ཉིན་གྱི་ཞོགས་པ་རྒྱལ་བ་བྱམས་པ་གདན་འདྲེན་གླིང་སྐོར་བྱས་ནས་དད་ལྡན་སེར་སྐྱ་མི་མང་ལ་མཇལ་ཁ་བསྩལ་ཡོད་པ་རེད།།
མོན་གྷོ་གསར་འགོད་པས།

munlam1_mundgodmunlam2_mundgodmunlam3_mundgod

Share this:
༡༣༢ ཀློག་གྲངས།