འཇུ་བཟུང་བྱས་པ་གཉིས་ཀྱི་མིང་ཤེས་འདུག

བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། དེ་སྔོན་ཕྱི་ཟླ་༢ ཚེས་༡༠ ཉིན་སྨར་ཁམས་རྫོང་སྤོམ་པ་ཤང་བྲག་རྡིབ་དགོན་པའི་གྲྭ་པ་ཁག་གཅིག་གིས་བོད་ལ་རང་བཙན་དགོས་པ་སོགས་ཀྱིས་རྒྱ་གཞུང་ལ་ངོ་སྒོལ་སྐད་འབོད་བྱས་པར་བརྟེན། རྒྱ་གཞུང་གིས་བོད་མི་དྲུག་འཛིན་བཟུང་བྱས་ཡོད་ནའང་།

ས་གནས་སུ་དམ་དྲག་ཆེ་བའི་རྐྱེན་པས་ཞིབ་ཕྲའི་གནས་ཚུལ་སྐབས་དེར་རག་མེད་པ་རེད།

 

གནས་ཚུལ་གསར་དུ་ཤེས་རྟོགས་བྱུང་བ་ལྟར་ན། འཛིན་བཟུང་བྱས་པའི་གྲྭ་པ་དྲུག་གི་ནང་ནས་གཅིག་གི་མིང་ལ་རྡོ་རྗེ་དང་། ཁོང་གི་ཕ་མིང་ལ་བློ་དབྱངས་དང་མ་་ཆོས་མཚོ་ཟེར་གྱི་ཡོད་འདུག གཞན་གྲྭ་པ་གཅིག་གི་མིང་ལ། ཚེ་རིང་དོན་གྲུབ་དང་། ཕ་མིང་ལ་ཞིང་པ་ཚང་མཁྱེན་རབ། མ་མིང་ལ་ཨ་གཟུངས་ཟེར་གྱི་ཡོད་འདུག

དེ་མིན་གྲྭ་པ་གཞན་བཞི་ཡི་ཞིབ་ཕྲའི་གནས་ཚུལ་གང་ཡང་རག་མེད་པ་མ་ཟད། ཁོང་རྣམ་གང་དུ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་གང་ཡང་ཤེས་རྟོག་ཐུབ་ཀྱི་མེད་པ་རེད་འདུག

Share this:
༦༠ ཀློག་གྲངས།