ས་འཐུས་ཚོགས་ཁང་གསར་པ་སྒོ་འབྱེད།

parliment1_203_3_5ཟླ་འདིའི་ཚེས་༥ ཉིན་གྱི་སྔ་དྲོ་འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་གསར་པ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་དབུ་འབྱེད་གནང་ཡོད་པ་རེད།

དེ་ཡང་ཉིན་དེའི་སྔ་དྲོ་ཆུ་ཚོད་༩ པའི་ཐོ་ཚོགས་ཁང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་ལགས་ཀྱིས་མོན་གྷོ་འདོད་རྒུ་གླིང་གི་ས་གནས་འཐུས་ཚོགས་ཀྱི་ལོ་རྒྱུས་དང།  མོན་གྷོ་ས་གནས་ཀྱི་ས་འཐུས་རིམ་པའི་བྱུང་རབས་སོགས་ཀྱི་ཐོག་གསུང་བཤད་གནང་གྲུབ་པ་དང་།   ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གིས་ས་འཐུས་ཚོགས་ཁང་གསར་རྒྱག་གི་བྱུང་སོང་སྐོར་གྱི་རྩིས་ཁྲ་སྙན་སེང་དང་འབྲེལ་གསུང་བཤད་གནང་དོན།   ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་གསར་རྒྱག་དང་འཛིན་ཆས་བཅས་ཁྱོན་བསྡོམས་ཧིན་སྒོར་འབུམ་༢༡ ལྷག་སོང་ཡོད་སྐོར་སོགས་གསུངས་སོང་།  

parliment2_203_3_5དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ཚོགས་ཁང་སྒོ་འབྱེད་དང་འབྲེལ་ལམ་སྟོན་བཀའ་སློབ་གནང་དོན། བཙན་བྱོལ་གྱི་སྒྲིག་འཛུགས་འདིའི་གཙོ་བོ་བཅའ་ཁྲིམས་ཀྱི་དགོངས་དོན་ཐོག་ནས་དབུས་དང་ས་གནས་འཐུས་ཚོགས་དེ་གལ་ཆེན་ཞིག་ཆགས་བསྡད་ཡོད་རེད།   དེ་འདྲ་ཡིན་དུས་རྣམ་པ་ཚོའི་རོགས་ཚོགས་བརྒྱུད་ནས་ད་ལྟ་ཚོགས་ཁང་གསར་པ་ལེགས་གྲུབ་དབུ་འབྱེད་ཀྱི་མཛད་སྒོ་ཆགས་ཡོད་པ་རེད།  ང་ཚོགས་ཁང་གསར་བ་སྒོ་འབྱེད་ཐེངས་ལྔ་བ་དེ་ཆགས་ཀྱི་ཡོད།  རྣམས་པ་ཚོའི་ཚོགས་ཁང་རྒྱ་ཆེ་ཤོས་ཆགས་འདུག་ལ་ཚོགས་ཁང་འདིའི་ཐོག་ནས་རོགས་ཚོགས་རེད།  དེ་ག་ནང་བཞིན་ས་གནས་ཀྱི་འབྲེལ་ཡོད་ཚང་མའི་ངོས་ནས་ཧུར་ཐག་ཡག་པོ་གནང་འདུག  དེ་འདྲ་ཡིན་དུས་ཚང་མ་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན།  དེ་ག་ནང་བཞིན་ས་གནས་འཐུས་མིའི་གྲུབ་ཆ་ཡིན་ན་ཕལ་ཆེར་མང་ཤོས་འདྲ་ཞིག་ཆགས་འདུག  དེ་ཚོ་གང་ཅིའི་ཐོག་ལ་བལྟས་ཡོང་དུས་མོན་གྷོ་ས་གནས་འཐུས་མི་དང་ཚོགས་ཁང་སྤྱི་ཡོངས་ཀྱི་ངོས་ནས་ཡག་ཤོས་འདྲ་ཞིག་ཆགས་ཀྱི་འདུག་ལ་བསྔགས་བརྗོད་ཞུ་འོས་པ་ཞིག་ཀྱང་རེད་འདུག      ད་ཡིན་ན་ཡང་།   དེ་ལས་གལ་ཆེ་བ་ཞིག་ལ་གཙོ་བོ་ང་རང་ཚོའི་ལས་འགན་ག་རེ་རེད།   དེ་ངོས་འཛིན་བྱེད་ཐུབ་དགོས་པ།   དེ་ལས་གལ་ཆེ་བ་ཞིག་ཆགས་བསྡད་ཡོད་པ་རེད།  དེ་འདྲ་ཡིན་དུས་ལས་འགུལ་གྱི་ཐོག་ནས་བལྟས་ཡོང་དུས་ང་རང་ཚོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་རྩ་བའི་ལངས་ཕྱོགས་འདྲ་བོ་དེ་བོད་དོན་བདེན་མཐའ་གསལ་ཐབས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་ཐབས་གཉིས་ནི་ང་ཚོའི་ལས་འགན་གཙོ་བོ་ཆགས་བསྡད་ཡོད་རེད།   ས་གནས་འཐུས་ཚོགས་ཀྱི་སྒྲིག་འཛུགས་འདྲ་བོ་ལ་ཆ་མཚོན་པ་ཡིན་ན།  ཐད་གར་བོད་དོན་བདེན་མཐའ་གསལ་ཐབས་ལ་འབྲེལ་བ་ཆགས་བསྡད་ཡོད་རེད་ལ།   དེ་ག་ནང་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་ཐབས་དང་ཡང་འབྲེལ་བ་ངེས་ཅན་ཞིག་ཆགས་སྡད་ཡོད་རེད།    གནད་དོན་དེ་གཉིས་ཀྱི་ཐོག་ལ་དགོངས་པ་བཞེས་ནས་ཆ་ཤས་ལེན་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་རེད་ལ།    ས་གནས་མི་མང་གི་གནས་སྟངས་ལ་དཔག་པའི་ཐོག་ནས་ཁྲིམས་དང་སྒྲིག་གཞི་གང་འདྲ་བཟོས་ནས་གཏན་འབེབས་ག་རེ་བྱེད་དགོས་ཀྱི་འདུག   ཐོག་མར་དགོས་པ་རྒྱུ་མཚན་མང་པོ་ཞིག་མཐོང་ནས་གཏན་འབེབས་བྱས་བཞག་པའི་ཁྲིམས་སྒྲིག་དེ་ཚོའི་མང་ཚོགས་ལ་ཐུགས་ཕན་སོས་ཀྱི་ཡོད་མེད་བཅས་ལ་རྟོགས་ཞིབ་བྱེད་དགོས་པ་གནད་འགག་གཅིག་ཆགས་བསྡད་ཡོད་རེད།  

དེ་འདྲའི་ལས་དོན་བྱེད་པའི་སྐབས་སུ་ས་གནས་འཐུས་ཚོགས་དང་འཛིན་སྐྱོང་གི་གནད་དོན་ཐོག་ནས་ངོས་ཡོད་ཀྱི་གནས་ཚུལ་མ་ཡིན་པའི་ཐོག་ནས་མི་རེ་ཟུང་གི་དགའ་ཕྱོགས་དང་བསམ་ཕྱོགས་དེ་འདྲའི་ཤུགས་ཆེ་ཆུང་གི་ཐོག་ནས་སྤྱི་ཚོགས་ཀྱི་གནད་དོན་དང་མ་མཐུན་པའི་ཐོག་ནས་ཡོང་མི་སྲིད་པ་མ་རེད།  དེ་འདྲ་ཡིན་དུས་དེ་ཚོའི་རིགས་སྔོན་འགོག་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་བསྡད་ཡོད་རེད།    ས་གནས་འཐུས་ཚོགས་དང་ས་གནས་འགོ་འཛིན་གཉིས་ང་ཚོ་བོད་མིའི་སྒྲིག་འཛུགས་ཆགས་བསྡད་ཡོད་རེད་མ་གཏོགས་གཅིག་ཕམ་གཅིག་རྒྱལ་གྱི་སྐད་ཆ་རྩ་བ་ནས་ཡོད་པ་མ་རེད།    དེ་འདྲ་ཡིན་དུས་ང་རང་ཚོའི་མང་གཙོ་ཟེར་ཡོང་དུས་ང་རང་ཚོའི་མང་ཚོགས་ཀྱི་ཁེ་ཕན་དང་མི་རིགས་ཀྱི་ཁེ་ཕན་སོགས་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་ཐོག་ཡོད་བསྡད་པའི་ཐོག་ལ་ང་ཚོའི་གོམ་པ་སྤོ་ཐུབ་དགོས་པ་ཡང་ཧ་ཅང་གལ་ཆེན་པོ་རེད།   དེ་མ་ཡིན་པའི་མི་རེ་ཟུང་གི་འདོད་ཕྱོགས་བཟུང་ནས་གང་ཟག་གཅིག་ལ་གནོད་ཤུགས་སྤྲད་བསྡད་པ་ཡིན་ན།  ཐད་གར་ཞུས་པ་ཡིན་ན།    སྒྲིག་འཛུགས་དེ་ཡོད་པ་ལས་མེད་པ་ཡག་པོ་མེད་འགྲོ་བསམ་བསམ་འདྲ་བོ་ཞིག་གོ་བ་ལེན་མི་སྲིད་པ་མ་རེད།    དེ་འདྲ་ཡིན་དུས་ང་རང་ཚོའི་སྒྲིག་འཛུགས་འདི་གནས་སྐབས་བཙན་བྱོལ་ནང་གི་ས་གནས་འདིའི་མང་ཚོགས་དང་འབྲེལ་བ་ཐད་གར་ཡོད་པའི་ཁེ་ཕན་སྲུང་སྐྱོབས་བྱེད་ཐུབ་ཐབས་དང་།    ས་གནས་མང་ཚོགས་ཡོངས་མཐུན་འབྲེལ་རྡོག་རྩ་གཅིག་དྲིལ་ཡོང་བ་དང་།  དེ་ག་ནང་བཞིན་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐོག་ལ་ཡིན་ན་ཡང་དབུས་ཀྱི་ལངས་ཕྱོགས་ག་རེ་འདུག་དེ་དང་མཐུན་པའི་ཐོག་ནས་གོམ་པ་སྤོ་ཐུབ་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་ཐུབ་བྱེད་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་རེད།     སོང་ཙང་ས་གནས་འཐུས་ཚོགས་མི་རེ་ངོ་རེ་ནས་མང་ཚོགས་ལ་ཁེ་ཕན་ཡོད་པ་མང་ཚོགས་དང་འབྲེལ་བ་ཡོད་པའི་ཁྲིམས་དང་སྒྲིག་ལམ་བཟོ་དགོས་པ་རེད་ལ།  དེ་བཞིན་ས་གནས་འཛིན་སྐྱོང་གི་ངོས་ནས་ག་བར་འཐུས་ཤོར་འགྲོ་ཡི་ཡོད་མེད་ངོས་ཟིན་པའི་ཐོག་ནས་ས་གནས་འགོ་འཛིན་ལ་དངོས་སུ་ར་སྤྲོད་བྱེད་ཐུབ་དགོས་པ་དང་།   ས་གནས་འགོ་འཛིན་གྱི་ངོས་ནས་ཡིན་ན་ཡང་དངོས་སུ་ར་སྤྲོད་བྱས་བཞག་པ་དེ་ལན་འདེབས་ཙམ་མ་ཡིན་པར།   སྐྱོན་དང་ནོར་འཁྲུལ་གང་ཡོད་པ་དེ་ཡོ་བསྲང་དང་ལག་བསྟར་གང་ཐུབ་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས་དང་།

ཡང་ཁོང་གིས་མུ་མཐུད་ནས་གསུང་དོན།    དེ་ནས་བྱུང་བ་ཡིན་ན་དངོས་ཤུགས་བརྒྱུད་གསུམ་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་འཕྲལ་ཕུགས་རྒྱང་གསུམ་གྱི་བླ་ན་མེད་པའི་དགོངས་གཞིའི་ཐོག་ཕྱག་ལས་གང་ཐུབ་ཇི་ནུས་ཀྱི་གནང་ནས་ང་རང་ཚོའི་སྤྱི་ཚོགས་འདི་ལེགས་པའི་ལམ་ལ་འཁྲིད་ཐུབ་དགོས་པ་དེ་ང་རང་ཚོའི་ལས་འགན་རེད།   གཙོ་བོ་གང་ཟག་རེ་ཟུང་འདོད་ཕྱོགས་སུ་མི་འགྲོ་བར་སྤྱི་པའི་སྒྲིག་འཛུགས་ཏེ་སྤྱི་པ་རང་གི་ཆེད་དུ་བེད་སྤྱོད་གཏོང་ཐུབ་ལ་ང་ཚོའི་བསམ་བློ་ངེས་པར་དུ་གཏོང་དགོས་པ་གལ་ཆེན་པོ་རེད་འདུག  
ས་གནས་མོན་གྷོ་འདོད་རྒུ་གླིང་འདི་དགོན་སྡེ་རེད་གཞིས་ཆགས་ཆེ་ཤོས་ཡིན་པ་ནང་གཞིན་ས་གནས་དང་དབུས་ཐོག་ནས་སྤྱི་བའི་ལས་དོན་ཐོག་ལ་ག་རེ་བཀའ་གནང་བ་ཡིན་ན།     ཆ་ཤས་ལེན་དགོས་པ་དེ་འདྲ་བྱུང་སྐབས་ས་གནས་འདིའི་སེར་སྐྱ་ཡོངས་ལ་བསྔགས་བརྗོད་ཞུ་འོས་པ་ཞིག་རེད་ལ་དེ་རིང་གོ་སྐབས་འདི་བརྒྱུད་ནས་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་དང་།

ཡང་གོང་གི་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སྐོར་ལ་གསུང་དོན།   བོད་ནང་གི་སྟངས་ཕྱི་ལོ་༢༠༠༨ ནས་བཟུང་ཛ་དྲག་ཆེ་རུ་ཆེ་རུ་འགྲོ་བསྡད་ཀྱི་ཡོད་པ་རེད།  ལྷག་པར་དུ་༢༠༠༩ ནས་བཟུང་ད་ལྟའི་བར་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་༡༠༧ བྱུང་ཡོད་པ་དང་དེའི་ནང་ནས་༨༩ ཙམ་གྱི་སྐུ་འདས་གྲོངས་སུ་སོང་ཟིན་པ་རེད།    དེ་འདྲ་ཡིན་དུས་ཁོང་རྣམ་པའི་དམིགས་ཡུལ་ལམ་ལངས་ཕྱོགས་ཟེར་ན་མངོན་འདོད་གཙོ་བོ་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ།   བོད་ལ་རང་དབང་དགོས།  དེ་ག་ནང་བཞིན་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་སྲུང་སྐྱོབས་བྱེད་དགོས་པ་མངོན་འདོད་ཆགས་བསྡད་ཡོད་པ་རེད།   དེ་ཡིན་དུས་ང་རང་ཚོའི་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་གཞུང་མང་གཉིས་ཀྱི་ངོས་ནས་ཁོང་རྣམ་པའི་དམིགས་ཡུལ་འགྲུབ་ཐུབ་ཆེད།     ད་ལྟ་བར་དུ་ང་ཚོའི་ཚོགས་འདུ་རིམ་པ་འཚོགས་ཡོད་རེད་ལ།   ལས་འགུལ་རིམ་པ་སྤེལ་ཡོད་རེད།   རྒྱལ་སྤྱིའི་སྤྱི་ཚོགས་ནང་གི་གཞུང་དང་གཞུང་འབྲེལ་མ་ཡིན་པ་ཚང་མར་ང་ཚོས་བོད་སྐྱོབས་འབོད་སྐུལ་ཞུས་པ་ཙམ་དུ་མ་ཟད་བོད་དོན་དྲིལ་བསྒྲགས་ཀྱི་མཚོན་གང་ཐུབ་ཅི་ནུས་བྱས་ཡོད་རེད།   ད་ཡིན་ན་ཡང་ད་ལྟའི་སྐབས་སུ་རྒྱ་ནག་གཞུང་ངོས་ནས་རྒྱལ་སྤྱིའི་ཐོག་ཚོང་འབྲེལ་གྱིས་མཚོན་ནུས་པ་ཆེན་པོ་ཡོད་པ་དང་ལྷག་པར་དུ་སྐྱག་རྫུན་དང་ཧམ་བཤད་བཅས་སུ་སྟོབས་ནུས་ཆེ་ཐག་ཆོད་ནས་ང་རང་ཚོའི་ལས་ཀ་དང་དོ་མཉམ་པ་འདྲ་ཞིག་འགྲུབ་ཐུབ་ཀྱི་ཡོད་མ་རེད།  ཡིན་ན་ཡང་རེ་ཐག་ཆད་ནས་སེམས་ཤུགས་ཆག་དགོས་དོན་རྩ་བ་ནས་ཡོད་མ་རེད།  དུས་ཚོད་དང་ཁོར་ཡུག་སོགས་ཚང་མ་མ་འཛོམས་པ་རེད་མ་གཏོགས་ཉི་མ་གཅིག་ལ་ཏན་ཏན་འགྱུར་བ་ཡོང་བར་གཏན་ཁེལ་བ་ཞིག་དང་ཐག་ཆོད་པོའི་ཐོག་ནས་བཤད་ཐུབ་པ་ཞིག་རེད།    དེ་འདྲ་ཡིན་དུས་ང་རང་ཚོའི་དངོས་སུ་བྱེད་ཐུབ་པའི་འགན་དེ་ག་རེ་རེད་ལབ་པ་ཡིན་ན།   སོ་སོའི་ཆོས་དང་རིག་གཞུང་།   གོམ་གཤིས། ཡ་རབས་བཟང་སྤྱོད་དག་ང་རང་ཚོའི་སྲོལ་རྒྱུན་གྱི་ཆ་དེ་ཚོ་ཆགས་བསྡད་ཡོད་རེད།   དེ་ཚོའི་ཐོག་ང་རང་ཚོའི་དངོས་སུ་འགན་ཁུར་ནས་ལས་ཀ་བྱེད་ཐུབ་པ་ཞིག་ཆགས་ཀྱི་ཡོད་རེད།    ད་དེ་ང་ཚོས་འཐུས་ཤོར་ཕྱིན་པ་ཡིན་ན་ང་རང་ཚོས་མ་མཇོན་པ་རེད་ལ། ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ནས་ནག་ཉེས་ཅན་ཞིག་ཆགས་པ་རེད།   དེ་ལྟར་མི་ཡོང་བའི་འབད་བརྩོན་གནང་རོགས་ཞེས་སོགས་གསུངས་སོང་།

དེའི་རྗེས་སུ་ས་འཐུས་ཚོགས་ཁང་གི་ཨར་ལས་པ་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་ཕུལ་རྗེས་ས་འཐུས་དྲུང་ཆེ་དགའ་ཤར་དགེ་བཤེས་བྱམས་པ་བློ་བཟང་གིས་ཐུགས་རྗེས་ཆེ་ཞེས་གསུང་བཤད་གནང་རྗེས་ཉིན་འདིའི་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།
མོན་གྷོ་འདོད་རྒུ་གླིང་ས་གནས་འཐུས་ཚོགས་འདུ་ནི།  ཕྱི་ལོ་༡༩༩༢ ཟླ་༧ པའི་ཚེས་༡༦ ཉིན་ས་འཐུས་སྐབས་དང་པོ་ཚུགས་ཡོད་ཅིང་།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བཞིན་འཐུས་མིའི་ཡོང་ཁུངས་ཁ་ལམ་ལྟར་འོས་བསྡུས་ལམ་ནས་ཡོང་ཡོད་ལ།   དེ་ནས་རིམ་པའི་འཐུས་མིའི་གྲངས་ཚད་སྤར་ཆ་དང་ཁྲིམས་དང་སྒྲིག་གཞི་སོགས་རིམ་པའི་ཡར་རྒྱས་ཚད་དུ་སོང་ཡོད་པ་མ་ཟད། ད་ལྟ་ས་འཐུས་སྐབས་བརྒྱད་པ་དེ་ཆགས་ཀྱི་ཡོད་ལ་ས་འཐུས་མི་གྲངས་༣༣ ཡོད་པ་རེད་འདུག
མོན་གྷོ་གསར་འགོད་པས།

Share this:
༧༩ ཀློག་གྲངས།