སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་སྒྲིག་སྟངས་སྐོར་ལ་བགྲོ་གླེང།

munlam1_2013_3_6ཕྱི་ཟླ་༣ ཚེས་༦ ནས་ཉིན་གཉིས་རིང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གོ་སྒྲིག་བྱས་ཏེ། “སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་”ནང་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱ་ཕྱོགས་སྐོར་ལ། ཆོས་བརྒྱུད་སོ་སོས་བསྐོ་འཇོག་བྱས་པའི་རྩོམ་སྒྲིག་མི་སྣ་ལྷན་འཛོམས་ཀྱི་ཚོགས་འདུ་ཐེངས་དང་པོ་དེ་དྷ་ས་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་འཚོགས་ཀྱི་ཡོད་པ་རེད།

ཚོགས་ཐོག་དེར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ས་དགེ་བཀའ་རྙིང་དང་། ཇོ་ནང་། བོ་དོང། གཡུང་དྲུང་བོན་བཅས་ཀྱི་རྩོམ་སྒྲིག་མི་སྣ་སུམ་ཅུ་ལྷག་མཉམ་འཛོམས་བྱས་ཡོད་སྐོར་དང་། ལོ་སྔོན་མར་དགའ་ལྡན་ཕོ་བྲང་གིས་མཐུན་རྐྱེན་སྦྱར་ནས་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོར་བཅར་ཏེ། ཚིག་མཛོད་སྒྲིག་སྟངས་སྐོར་ལ་མཉམ་འབྲེལ་དགོས་སྐོར་འབོད་སྐུལ་ཞུས་དོན་བཞིན་བླ་ཆེན་ཁག་གིས་བརྒྱབ་སྐྱོར་གནང་གི་ཡོད་སྐོར་དང་། འབྲི་གུང་བཀའ་བརྒྱུད་དུས་ཚོད་ཀྱི་དབང་གིས་ད་ལྟ་ཚོགས་ཞུགས་ཐུབ་མེད་སྐོར་དང་། ཕག་གྲུ་སོགས་ཁག་ཅིག་ལ་འབྲེལ་བ་བྱེད་ས་རག་མེད་སྐོར་ཞིབ་འཇུག་ཁང་གིས་འགན་འཛིན་གྱིས་འགྲེལ་བརྗོད་གནང་སོང་།

བགྲོ་གླེང་སྐབས་ཚིག་མཛོད་ནང་དུ་ཆོས་བརྒྱུད་ཁག་གི་ཆོས་འབྱུང་ལོ་རྒྱུས་དང།  ཆོས་ལུགས་དང་ལྟ་གྲུབ་ཀྱི་ཐ་སྙད། ཆོས་བརྒྱུད་སོ་སོ་དང་འབྲེལ་བའི་རིག་གཞུང་བཅས་ཀྱི་སྐོར་རྩོམ་སྒྲིག་བྱ་ཕྱོགས་ངོ་སྤྲོད་དང་གོ་བསྡུར་བྱེད་ཀྱི་ཡོད་པ་རེད།

munlam_2013_3_6སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་གྱིས་ངོ་སྤྲོད་གནང་དོན། “དེང་སྐབས་བོད་ཀྱི་ཆོས་དང་རིག་གཞུང་དེ་བརྡ་འཕྲིན་བརྒྱུད་ལམ་ནང་སྤུས་དག་པོ་དགོས་པ་དང་། སྤྱི་ཚོགས་གསར་པའི་ནང་བོད་ཀྱི་སྐད་ཡིག་གི་ཁོར་ཡུག་ཀྱང་རྒྱ་ཆེ་རུ་གཏོང་དགོས་པ་རེད། མི་གཅིག་གཉིས་ཤིག་གིས་ཆོས་དང་རིག་གཞུང་ཐོག་ཆེན་པོ་ཞིག་བྱེད་ཐུབ་ཀྱི་མ་རེད། ཆོས་བརྒྱུད་ཁག་ཆ་ཚང་ལ་འགྲེལ་བཤད་རྒྱག་ཐུབ་མཁན་ཞིག་ཧ་ལམ་མེད་པ་རེད། དེར་བརྟེན་ཆོས་བརྒྱུད་སོ་སོས་སོ་སོའི་ཐ་སྙད་སྐོར་ལ་འགྲེལ་བཤད་བརྒྱབ་པ་ལས་ལྷག་ཅིག་མེད་པས། ཚང་མ་མཉམ་འབྲེལ་གྱིས་ཤུགས་རྒྱག་ཐུབ་ན་ལོ་ཤས་ནང་གྲུབ་འབྲས་ཅུང་སྟོན་ཐུབ་པ་ཞིག་ཡོང་ཐབས་བྱེད་ཀྱི་ཡིན་”ཞེས་ལོ་གསུམ་གྱི་ནང་ཚོད་ལྟ་ཞིག་སྤྱི་ཚོགས་ནང་འགྲེམས་སྤེལ་བྱེད་རྒྱུ་དང་། ལོ་དགུའི་ནང་ཚིག་མཛོད་དེ་ཚར་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

ཁོང་གིས་ད་ལྟ་བོད་ཡིག་ཚིག་མཛོད་ལྔ་བཅུ་ལྷག་ཅིག་ཡོད་པ་དང་། ཆོས་ལུགས་ཀྱི་ཐ་སྙད་དེ་ཚོ་རྩོམ་པ་པོ་ཁོང་རང་ཆོས་བརྒྱུད་ག་རེ་ཡིན་ཡང་དེའི་འགྲེལ་བཤད་རྒྱག་སྟངས་གཅིག་པུ་ལས་འགྲེལ་བཤད་མེད་སྐོར་དང་། མ་འོངས་པར་ནང་ཆོས་ལ་སློབ་གཉེར་བྱེད་སྐབས་སྟབས་བདེ་ཡོང་ཐབས་བྱེད་ཀྱི་ཡོད་སྐོར་ངོ་སྤྲོད་གནང་སོང་།

samdhong_2013_3_6ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུང་བཤད་གནང་དོན། “རིག་གནས་ཀྱི་ལས་དོན་དེ་མི་རབས་ནས་མི་རབས་བརྒྱུད་ནས་འགྲོ་དགོས་པ་ཞིག་ཡིན་པས། ད་ལྟ་མགོ་ཡག་པོ་ཞིག་བཙུགས་ཐུབ་སོང་ན། ཡག་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ད་ལྟ་འཁྲུག་ཆ་དོད་པའི་དེང་རབས་གོང་མའི་སྤྱི་ཚོགས་ཀྱི་དཔལ་ཡོན་འདིའི་ནང་ལ་གསར་བཏོད་དང་། འཕྲུལ་ལས་ཀྱི་ལས་གཞི་མང་པོ་ཞིག་མི་ཚེའི་ནང་མེད་དུ་མི་རུང་བའི་ཆ་ཤས་འདྲ་ཆགས་བསྡད་ཡོད་པ་བཤད་མི་དགོས་པ་རེད། དེའི་སྐབས་བོད་པའི་རིག་གནས་ཀྱང་འཇིག་རྟེན་སྤྱིའི་འགྱུར་འགྲོས་དང་མཐུན་པ་དང། འཇིག་རྟེན་སྤྱིའི་འགྱུར་འགྲོས་ཀྱི་རྗེས་ཟིན་པ་བྱས་ན་འགྲོ་དགོས་པ་དེ་བརྗོད་མི་དགོས་པ་རེད། དེ་འགྲོ་མ་ཐུབ་ན་རང་བཞིན་གྱིས་རྗེས་ལུས་ཐེབས་པ་ཙམ་དུ་མ་ཟད། ཉམས་ཆག་དང་། སྤྱི་ཚོགས་ཀྱི་དྲན་ཡུལ་ལས་བརླག་འགྲོ་བའི་ཉེན་ཁ་ཡོད་པ་དེ་གསལ་པོ་ཞེ་དྲག་རེད། དེར་བརྟེན་རིག་གནས་གསར་པ་མེད་ནའང་། རིག་གནས་དེའི་རྣམ་པར་གསལ་བར་བྱེད་པའི་བརྒྱུད་ལམ་དེ་འགྱུར་བ་ཕྱིན་ནས་དེང་རབས་དང་མཐུན་པ་འགྲོ་དགོས་པ་གལ་ཆེན་པོ་རེད། ཤེལ་དམ་གསར་པའི་ནང་ཆང་རྙིང་པ་བླུག་པ་བཞིན་ཆང་ལ་འགྱུར་བ་མ་སོང་ཡང་། ཤེལ་དམ་ལ་འགྱུར་བ་གཏོང་བཞིན་འགྲོ་དགོས་པ་དེ་མེད་དུ་མི་རུང་བའི་དགོས་མཁོ་ཞིག་འཕྲུལ་ལས་ཅན་གྱི་དུས་རབས་ནང་སླེབས་ཡོད་པ་རེད་”ཅེས་གསུངས་པ་དང་། བོད་ཀྱི་སྐད་ཡིག་ནང་ཡོད་པའི་རིག་པའི་གནས་བཅུ་ཡང་དེང་རབས་ཀྱི་འཕྲུལ་ལས་དང་གནས་ཚད་མཉམ་པའི་སྒོ་ནས། ལས་དོན་བྱེད་དགོས་པ་བོད་མི་ཡོངས་ལ་རང་བཞིན་གྱིས་འཁྲི་བའི་ལས་འགན་ཡིན་སྐོར་དང་། ཆབ་སྲིད་ཀྱི་གནས་བབ་ལས་རིག་གཞུང་གི་གནས་བབ་གལ་ཆེན་ཡིན་སྐོར་གསུངས་སོང་།

munlam2_2013_3_6སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་དེ་བཀའ་བསྡུ་སྐབས་སྐད་ཡིག་བཞིའི་ནང་ཕབ་ཡོད་སྐོར་དང་། ད་ལྟའི་ཆར་ཡུལ་མི་རང་བཞིན་གྱི་སྐད་ནང་སངས་རྒྱས་ཀྱི་གསུང་མདོ་ཚན་གསུམ་བཞི་ཞིག་དང་། ཟུར་ཆགས་ཀྱི་སྐད་ནང་གཅིག་ཀྱང་རག་གི་མེད་སྐོར། པཱ་ལིའི་སྐད་ནང་སྡེ་སྣོད་གསུམ་དེབ་གཟུགས་སུ་པར་སྐྲུན་བྱས་པ་༤༡ ལས་མེད་སྐོར་དང་། ལེགས་སྦྱར་གྱི་སྐད་ཀྱི་ནང་དུ་ཡོད་སྐོར་གསུངས་པ་དང་། འགྱུར་ཡག་ཤོས་དང་ཆ་ཚང་ཤོས་བོད་ཡིག་ནང་ཡོད་སྐོར་དང་། དེའི་སྐབས་འགྱུར་དེ་ཚོ་བོད་ཀྱི་མཁས་པ་དང་། རྒྱ་གར་གྱི་མཁས་པ་མཉམ་རུབ་ཀྱིས་ཐ་སྙད་གཅིག་གྱུར་གཏན་འབེབས་བྱས་ཡོད་སྐོར་དང་། ད་ལྟའི་ཆར་ནང་ཆོས་དབྱིན་ཡིག་ནང་སྒྱུར་སྐབས་དོན་དག་གཅིག་ཐ་སྙད་མ་འདྲ་མང་པོ་སྣ་ཚོགས་པ་དང་། དེ་ཡོང་རྐྱེན་སྒྲིག་འཛུགས་མེད་པ་དང་། ཀུན་གྱིས་ཚད་མར་འཛིན་འོས་པའི་ཚིག་མཛོད་མེད་པའི་རྐྱེན་གྱིས་ཡིན་པས། ཚིག་མཛོད་དེ་གལ་ཆེན་ཡིན་སྐོར་དང་། བོད་ཀྱི་སྐད་ཡིག་དེ་ཡང་མི་རབས་རྗེས་མར་རྩིས་སྤྲོད་ཐུབ་དགོས་སྐོར་གསུངས་སོང་།

དེ་བཞིན་ཟམ་གདོང་རིན་པོ་ཆེས་ནང་ཆོས་སོགས་ཀྱི་ཐ་སྙད་གཅིག་པུ་མ་ཡིན་པར། བོད་པའི་འཚོ་བའི་ཁྲོད་ཀྱི་བཟོ་ལས་དང་། ཞིང་ལས། འབྲོག་ལས་སོགས་དང་འབྲེལ་བའི་ཐ་སྙད་ཕྱུག་པོ་ཡོད་པ་དེ་དག་ཀྱང་མ་ཉམས་རྒྱུད་འཛིན་ཡོང་ཐབས་དགོས་སྐོར་གསུངས་སོང་།

ཟམ་གདོང་རིན་པོ་ཆེས་མུ་མཐུད་གསུངས་དོན། “ཚིག་མཛོད་མཟོ་བའི་སྐབས་མཐའ་མའི་ཐག་གཅོད་དེ་རིགས་པ་བཞིའི་ཡང་དག་པའི་དཔྱད་པའི་ལམ་ནས་ཐག་གཅོད་པ་ལས། སྟབས་བདེ་པོའི་ཐོག་ནས་ཐག་མ་བཅད་ན་ཡག་པོ་རེད། ནང་པ་དང་། རྒྱ་གར་བ། དེ་བརྒྱུད་ནས་བོད་ལ་དར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་ད་མེད་ད་དེ་རིག་པའི་རྗེས་འབྲང་བྱེད་རྒྱུ་དེ་རེད། གནས་ཚུལ་གང་དང་གང་ཡིན་ཡང་རིགས་པ་རྣམ་པར་བཞིའི་སྒོ་གནས་དཔྱད་པ་ཡག་པོ་བྱས་ཏེ། རིགས་པ་རྣམ་པར་བཞི་པོ་ཡང་མཐར་ཐུག་ཆོས་ཉིད་ཀྱི་རིགས་པར་ཚུར་ཐུག་པ་ཞིག་དཔྱད་པ་ཡག་པོ་བྱས་ན་ནོར་འཁྲུལ་མེད་པ་དང་། ཀུན་གྱིས་ཚད་མར་འཛིན་འོས་པ་ཞིག་ཡོང་གི་རེད་”ཅེས་གསུངས་སོང་།

Share this:
༧༣ ཀློག་གྲངས།