ས་གནས་མི་མང་དང་ལས་བྱེད་སྒེར་ལ་མཐོང་ཆུང་མ་རེད་དམ།

སྔ་ལོ་༢༠༡༢ ཕྱི་ཟླ་༣ པའི་ནང་ཀོ་ལི་གྷལ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་གསར་པ་སྐུ་ངོ་ཕུན་ཚོགས་ཚེ་རིང་ས་གནས་སུ་ཕེབས་ནས། དུས་ཡུན་ལོ་གཅིག་མ་འཁོར་སྔོན་དུ་ཉེ་ལམ་ཕྱི་ཟླ་༡ པོའི་ནང་མོན་གྷོ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལ་གནས་སྤོས་གནང་འདུག

འདི་དག་ལ་ཞིབ་ཏུ་དཔྱད་སྐབས་ས་གནས་མི་མང་དང་ལས་བྱེད་སྒེར་ལ་མཐོང་ཆུང་དང་བརྡབས་གསིག་བཏང་བ་མ་རེད་དམ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་འགན་ངོ་མ་བཅའ་ཁྲིམས་དོན་ཚན་བཞི་པ་བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན་ཟེར་བའི་ནང་ལྷག་པར་དུ་བོད་དོན་བདེན་མཐའ་གསལ་ཐབས་དང་། བོད་མི་ཡོངས་ཀྱི་བསམ་སྤྱོད་དང་དངོས་པོའི་ཁེ་ཕན་ཡར་རྒྱས་གཏོང་བའི་ལས་འགན་སྒྲུབ་རྒྱུ་བཅས་གསལ་བ་བཞིན། ས་གནས་འགོ་འཛིན་རྣམས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་གནང་ནས་ས་གནས་མི་མང་གི་འཚོ་བའི་ལས་གཞི་དང་འབྲེལ་བའི་གཞིས་ཆགས་སྲ་བརྟན་དང། རྒྱུན་གནས་ཐུབ་པའི་ལས་འཆར་བཀོད་སྒྲིག་གི་བརྒྱུད་ནས་དུས་ཡུན་ལོ་ངོ་གསུམ་ལ་དམིགས་ཚད་བཟུང་ནས། ས་གནས་མི་མང་གི་འཚོ་བ་ལ་འགན་ཁུར་ཐུབ་པའི་དུས་ཚོད་སྤྲོད་དགོས་པ་ལས་གཟིགས་སྐོར་དང་ནང་ཞིབ་ལྟ་བུའི་དུས་ཐུང་ནང་ས་གནས་འགོ་འཛིན་གནས་སྤོས་གནང་བཞིན་པའི་ལམ་ལུགས་འདི་དག་འཛིན་སྐྱོང་གི་སྲིད་བྱུས་ཚད་ལྡན་ཞིག་ལ་ནམ་ཡང་ངོས་འཛིན་ཞུ་མི་ཐུབ་པ་དང། ཀོ་ལི་གྷལ་གཞིས་ཆགས་ཚུགས་ནས་ད་ལྟ་བར་ས་ཐོབ་ལག་འཛིན་RTC ལག་སོན་མེད་པ་དང་བཟའ་འབྲུ་ཆག་ཡང་གི་ལག་ཁྱེརRATION་་CARD་་གཞིས་མི་ཆ་ཚང་ལ་ད་ལྟ་ཡང་ཐོབ་མེད་པ། ཕྲུ་གུའི་སྐྱེས་ཚེས་BIRTH་་CERTIFICATE་་ཁྲིམས་མཐུན་གྱི་ལག་ཁྱེར་ཕྲུ་གུ་ཆ་ཚང་ལ་བཟོ་ཐུབ་མེད་པ། རྒྱ་གར་དབུས་གཞུང་གི་ཤིན་ཏུ་ནས་གལ་ཆེར་འཛིན་པའི་ངོ་རྟགས་ལག་ཁྱེར་་AADHAAR་་CARD་འམ་་UNIQUE IDENTIFICATION་CARD ད་ལྟའང་མིང་ཐོ་འགོད་འབུལ་ཐུབ་མེད་པ་སོགས་གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་ཐུབ་པའི་ས་གནས་མི་མང་གི་འཚོ་བའི་ལས་དོན་དང་འབྲེལ་བའི་གལ་ཆེའི་ལས་གཞི་མང་པོ་ཞིག་གཞིས་ཆགས་ཚུགས་ནས་ད་ལྟའི་བར་མཇུག་སྐྱོང་མ་ཐུབ་པ་འཕྲོ་ཅན་དུ་ལྷག་ཡོད།

དེ་དག་ས་གནས་འགོ་འཛིན་རིམ་པ་བརྗེ་ལེན་སྐབས་གཅིག་གིས་གཅིག་ལ་རྩིས་སྤྲོད་རྩིས་ལེན་ཐུབ་པ་ཙམ་གྱིས་ས་གནས་མི་མང་གི་འཚོ་བ་ལ་འགན་སྲུང་ཐུབ་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་འཛིན་གནང་གི་ཡོད་ན་ལས་དེ་མིན་ད་ལམ་ས་གནས་འགོ་འཛིན་དུས་ཡུན་ལོ་གཅིག་མ་འཁོར་སྔོན་དུ་གནས་སྤོས་གནང་བ་དེ་དག་ས་གནས་མི་མང་དང་ལས་བྱེད་སྒེར་ལ་མཐོང་ཆུང་དང། བརྡབས་གསིག་བཏང་བར་ངོས་འཛིན་དང་བཅས་ས་གནས་འགོ་འཛིན་རྣམས་ས་གནས་གང་ཞིག་ཏུ་དུས་ཡུན་ལོ་ངོ་གསུམ་གནས་ཐུབ་པའི་ཁྲིམས་དང་སྒྲིག་གཞིའི་ལམ་སྟོན་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཟོ་དགོས་པ་དེ་གལ་ཆེའི་ནང་གི་གལ་ཆེན་ངོ་མ་དེ་ཡིན་པ་ནི་གཞུང་གྲོན་བསྲི་ཚགས་དང་། གཞིས་ཆགས་སྲ་བརྟན་རྒྱུན་གནས་ཐུབ་པའི་ལས་འཆར་བཀོད་སྒྲིག་སོགས་དང་འབྲེལ་བ་གཏིང་ཟབ་ཡོད་པ་དེ་ཡང་མཁྱེན་དགོས།

ད་ལམ་ཀོ་ལི་གྷལ་གཞིས་ཆགས་མི་མང་གི་སྐུ་ཚབ་ས་གནས་ཀྱི་འགོ་བ་ལས་བྱེད་ནས་བཀའ་དྲུང་ཡིག་ཚང་ལ་ས་གནས་འགོ་འཛིན་རང་གནས་སྐོར་ལ་བདེ་སྙན་ཕུལ་བ་ལ་དགོངས་བཞེས་མ་གནང་བ་དེ་ནི་ཀོ་ལི་གྷལ་གཞིས་ཆགས་འདིར། ལུང་ཚན་ཤོག་བསྒྲིལ་དང་ཕྱོགས་གཏོགས་ཆབ་སྲིད་ལ་འགན་ཁུར་ཐུབ་པའི་ཚོགས་པ་སྒྲིག་འཛུགས་མེད་པ་ནས་གཡས་པ་ལ་སྤྱན་དང་གཡོན་པ་ལ་མིག་ལྟ་བུའི་གཟིགས་སྟངས་ཤིག་མ་རེད་དམ། །
ཀོ་ལི་གྷལ་གཞིས་ཆགས་ནས་གཞུང་པ་ཚེ་དབང་བསོད་ནམས་ཀྱིས་ཕྱི་ལོ་༢༠༡༣/༢/༧ ལ།

Share this:
༡༡༩ ཀློག་གྲངས།