གསུམ་བཅུའི་དུས་དྲན་ཐེངས་ ༥༤ གཞུང་འབྲེལ་གྱི་སྲུང་བརྩི།

uprising_day_2013_3_10སྲིད་སྐྱོང་བློ་བཟང་སེང་གིས་གསུམ་བཅུས་དུས་དྲན་ཉིན་རྒྱ་ནག་གི་འགོ་འཁྲིད་གསར་པ་ཚོས་དངོས་ཡོད་གནས་སྟངས་མཐོང་བའི་སྒོ་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདི་བོད་རྒྱ་མི་རིགས་གཉིས་ཀར་ཁེ་ཕན་ཡོད་པའི་སྲིད་བྱུས་ཡག་ཤོས་ཡིན་པ་ངོས་འཛིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་སྐོར་དང་། བོད་རྒྱ་འབྲེལ་མོལ་ཆད་པར་བོད་མི་ཚོར་བློ་ཕམ་བྱུང་ཡོད་སྐོར་གསུངས་སོང་།

དེ་ཡང་ཟླ་འདིའི་ཚེས་ ༡༠ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་བོད་ཀྱི་རྒྱལ་ས་ལྷ་སར་༡༩༥༩ ལོར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་རྒྱ་དམར་བཙན་འཛུལ་བར་ངོ་རྒོལ་ཆེད་རང་དབང་སྒེར་ལངས་བྱས་ཏེ། ལོར་༥༤ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་ཡོད་པ་རེད།

uprising_day3_2013_3_10ཉིན་དེའི་སྔ་དྲོ་ཆུ་ཚོད་ ༩ ཐོག་དུས་དྲན་གྱི་མཛད་རིམ་དང་པོར་སྲིད་སྐྱོང་བློ་བཟང་སེང་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་སྐབས། དྷ་སྟེང་བོད་ཁྱིམ་སློབ་ཕྲུག་ཁག་གཅིག་གིས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་ཡོད་པ་རེད།

དེ་རྗེས་བོད་མིའི་རྩ་དོན་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྒྱལ་གཅེས་ཕོ་མོ་རྣམས་ལ་རྗེས་དྲན་དང་གུས་འདུད་སླད་ངག་བཅད་མྱ་ངན་སྐར་མ་གཅིག་ཞུས་ཡོད་པ་རེད།

དེ་ནས་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་ནས་བོད་བསྟན་སྲིད་མི་རིགས་ཆེད་བློས་གཏོང་གནང་མཁན་རྒྱལ་གཅེས་པ་སེར་སྐྱ་ཕོ་མོ་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་སླད་དུ་རྒྱལ་བ་རིགས་ལྔའི་ཞལ་ཐང་ཞིག་བཞེངས་སྐྲུན་ཞུས་ཡོད་པ་དེ་སྲིད་སྐྱོང་བློ་བཟང་སེང་གེ་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གཉིས་ཀྱིས་དབུ་འབྱེད་གནང་ཡོད་པ་རེད།

uprising_day2_2013_3_10དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་སྐབས། “བོད་ནང་དུ་རང་དབང་ལུང་པ་ནང་བཞིན་ཞི་རྒོལ་བྱ་རྒྱུའི་གོ་སྐབས་གཏན་ནས་མེད་ སྟབས། གཞིས་བཞུགས་བོད་མི་རྣམས་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་དང་། ༸གོང་ས་༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་ཐབས། རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་མཚམས་འཇོག་ཡོང་ཐབས་སོགས་ཀྱི་ཆེད་གཞན་ལ་ འཚེ་བ་ཏིལ་འབྲུ་ཙམ་མ་བྱས་པར་རང་ལུས་མེར་བསྲེགས་མ་བཏང་ཐབས་མེད་ཀྱི་གནས་སུ་ གྱར་ཡོད་ཀྱང་། ད་བར་རྒྱ་གཞུང་གིས་གདུག་རྩུབ་ཆེ་རུ་གཏོང་བ་ལས་དཀའ་སེལ་གྱི་ཐབས་ལམ་གང་ཡང་ བསྟེན་མེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་སེམས་འཚབ་དང་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་སྟོན་པ་ཙམ་ལས། འཛམ་གླིང་ཐོག་སྔར་བྱུང་མ་མྱོང་བའི་ད་ལྟའི་བོད་ནང་གི་ཡ་ང་བ་དང་ཛ་དྲག་གི་གནས་ སྟངས་འདི་ལྟ་བུར་སུས་ཀྱང་ནུས་པ་དངོས་སུ་ཐོན་ཐུབ་པའི་འགུལ་བསྐྱོད་གནང་མ་ཐུབ་ པར་བོད་མི་ཚོ་བློ་ཕམ་ཆེན་པོ་ཡོད་”ཅེས་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོར་གཉིས་ཕན་གྱི་དགོས་འདུན་ཁག་ཅིག་བཏོན་ཡོད་པ་རེད།

uprising_day1_2013_3_10བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་སྲིད་སྐྱོང་བློ་བཟང་སེང་གེས་བཀའ་ཤག་གི་གཏམ་བཤད་སྒྲོགས་སྦྱང་གནང་བ་དང་། ཁོང་གིས་གསུངས་དོན། “འདི་ལོ་ནི་༧གོང་ས་སྐུ་ཕྲེང་༡༣ པས་ཆུ་གླང་གསལ་བསྒྲགས་གནང་བའི་དུས་ཚིགས་རེད། ༧རྒྱལ་དབང་སྐུ་ཕྲེང་༡༣ པ་རྒྱ་གར་ནས་བོད་ནང་གདན་འདྲེན་ཞུ་ཐུབ་པ་ལྟར། ང་ཚོས་བོད་ནང་གི་བོད་མིའི་མངོན་འདོད་ལྟར། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་བོད་ལ་གདན་འདྲེན་ཞུ་ཐུབ་དགོས་ཀྱི་ཡོད་པ་རེད། ས་གན་ཁ་ཤས་ནང་ད་ལོ་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་ཆུ་གླང་གསལ་བསྒྲགས་གནང་བའི་དུས་ཚིགས་སྲུང་བརྩི་ཞུས་འདུག དུས་དྲན་སྲུང་བརྩི་ཞུས་པ་དེས་ཆུ་གླང་གསལ་བསྒྲགས་ནང་ལུང་བསྟན་དང་ལམ་སྟོན་གནང་བཞག་པ་དེ། དེའི་སྐབས་བོད་མི་ཚོས་ལག་ལེན་བསྟར་མ་ཐུབ་པར་འཐུས་ཤོར་ཆེན་པོ་སོང་ཡོད་པས། ད་ལྟ་ལོ་རྒྱུས་ནང་བློ་ཕམ་པའི་གནས་ཚུལ་ཆགས་ཡོད་པ་རེད། ད་ལྟ་ང་ཚོས་བསླབ་བྱ་དེ་བླངས་ནས་༧གོང་ས་སྐུ་ཕྲེང་བཅུ་བཞི་པའི་ལམ་སྟོན་ལུང་བསྟན་གནང་བཞག་པ་དེ་ལག་ལེན་བསྟར་རྒྱུ་གཙོ་ཆེ་ཤོས་རེད་མ་གཏོགས། ལོ་བརྒྱའི་རྗེས་བོད་ཀྱི་ལོ་རྒྱུས་ནང་༧གོང་སྐུ་ཕྲེང་བཅུ་བཞི་པས་ལམ་སྟོན་ལུང་བསྟན་གནང་འདུག  ཡིན་ཡང་བོད་མི་ཚོས་ལག་བསྟར་མ་ཐུབ་པར་འཐུས་ཤོར་བྱུང་འདུག་ཅེས་བློ་ཕམ་གྱི་གནས་ཚུལ་བྱུང་ན། འཕྱི་དྲགས་པ་རེད། དེར་བརྟེན་སྐུ་ཕྲེང་བཅུ་བཞི་པས་ལམ་སྟོན་གནང་བཞག་པ་དེ་ཐུགས་ལ་ཉར་ནས་ལག་ལེན་བསྟར་གྱི་ཡོད་པ་རེད་ལ་བསྟར་དགོས་པ་རེད་”ཅེས་གསུངས་སོང་།

དེ་རྗེས་རྡ་སྟེང་བོད་ཁྱིམ་སློབ་ཕྲུག་གིས་གསུམ་བཅུའི་དྲན་གླུ་ཕུལ་གྲུབ་སྟེ་གཞུང་འབྲེལ་དུས་དྲན་གྱི་མཛད་སྒོ་གྲོལ་ཡོད་པ་རེད།།

uprising_day_2013_3_10uprising_day6_2013_3_10uprising_day5_2013_3_10uprising_day4_2013_3_10

Share this:
༧༢ ཀློག་གྲངས།