སུ་ཞིག་གིས་མེར་བསྲེགས་ལ་བསྐུལ་བཞིན་ཡོད།

སེར་སྨད་དགེ་བཤེས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུ།
བོད་དུ་རང་ལུས་མེར་སྲེག་༸གོང་ས་མཆོག་ནས་བསྐུལ་བར་རྒྱ་གཞུང་གིས་དོན་དངོས་ཇི་འདྲ་ཞིག་ནས་ར་སྤྲོད་བྱ་རྒྱུར་གཟུར་གནས་ཡོངས་ཀྱིས་སྒུག་ནས་ཡོད། ཀྲུའུ་ཝེ་ཆོན་སོགས་ནས་སྔ་ཕྱིར་མེར་བསྲེགས་ནི་བོད་ཁུལ་ཡོངས་སུ་དགོན་སྡེ་ ༣༥༤༢ ནང་དགོན་སྡེ་བཞི་ཙམ་དང་།

དགེ་འདུན་པ་ཁྲི་  ༡༤  ནས་ཆེས་ཉུང་ཤས་ནང་གི་ཉུང་ཤས་གཅིག་རེད་ཅེས་ངར་སྐད་དང་བཅས་ཏེ་རྒྱལ་ཕྱི་ནང་ཡོངས་སུ་བསྒྲགས་པ་ནི་དེ་བས་མང་བའི་བོད་ཀྱི་གཞོན་སྐྱེས་རྣམས་ཆེད་དུ་མེ་དོང་ནང་འཆོང་དགོས་པའི་ངར་སློང་བ་མ་ཡིན་ནམ།  དོན་དངོས་སུ་ཞིག་ནས་མེར་བསྲེགས་ལ་བསྐུལ་བཞིན་པ་ང་ཚོས་ལྟ་དགོས་ཏེ། སུ་ཡིན་རུང་རང་ཉིད་ཀྱིས་རང་ཉིད་མེད་པར་བཟོ་མི་སྲིད་པས་སོ། །

ཀྲུང་དབྱང་གིས་ཐག་བཅད་མི་ཐུབ་པའི་ནང་སྲིད་ཡོད་དམ།

ལར་ནས་བོད་ནང་གི་གནད་དོན་ཡོད་ཚད་ཀྲུང་དབྱང་ནས་ཐག་གཅོད་ལེགས་པོ་བྱེད་བཞིན་ཡོད་པས་མེར་བསྲེགས་ཀྱི་གནད་དོན་ཐད་༸གོང་ས་མཆོག་གི་རྣམ་འགྱུར་ལ་ལྟ་བ་དེ་ཤིན་ཏུ་ནས་ཡ་མཚན་ཆེ། འོ་ན་ཀྲུང་དབྱང་གིས་ཐག་གཅོད་མི་ཐུབ་པའི་བོད་ཀྱི་གནད་དོན་ད་དུང་ལྷག་ཡོད་དམ།  མ་ཟད་༸གོང་ས་མཆོག་གི་བཀའ་སློབ་ཡོད་ཚད་ཀྲུང་གོར་ཁ་བྲལ་གྱི་དྲིལ་བསྒྲགས་ཡིན་པས་ཀྲུང་གོའི་ས་ཁོངས་གང་ཞིག་ཏུ་མཁོ་གལ་ཡོད་དམ། བྱམས་སེམས་ཅན་གྱི་དབུ་ཁྲིད་ཅིག་ཡིན་ཚེ་ཅིའི་ཕྱི་རང་ལུས་མེར་བསྲེགས་བྱེད་པའི་རྒྱུ་རྐྱེན་ཡོངས་ལ་ཞིབ་འཇུག་ཚད་ལྡན་བྱ་འོས་པ་ལས་བརྒྱུད་བསྐུལ་འོག་བྱུང་བ་རེད་ཅེས་འགྲེལ་བཤད་སྟབས་བདེ་པོ་འདི་གཅིག་པུས་འབྱུང་ཉེས་པའི་དོན་རྐྱེན་ཁག་ལ་འགན་འཁུར་ཐུབ་བམ། སྟངས་འཛིན་མ་ཐུབ་པ་ན་ངན་ཁག་ཡོངས་རྫོགས་མི་གཞན་ཞིག་ལ་དཀྲི་བ་འདི་སྔ་ནས་ད་བར་ས་གནས་ཀྱི་དཔོན་རིགས་ཚོའི་དབུས་གཞུང་གི་མདུན་རང་ཉིད་དཀར་གཙང་ཏུ་འགྱུར་ཐབས་ཤིག་རེད།

འཚེ་བ་ཡིན་ནམ།

འཚེ་བ་དང་འཚེ་བ་མེད་པ་ནི་ཀུན་སློང་ཁོ་ནའི་སྒོ་ནས་བཞག་དགོས་པ་ལས་བྱ་སྤྱོད་རང་གི་ངོ་བོའི་ཐོག་ནས་བཤད་དུ་མེད་དེ། སྲོག་གཅོད་པའི་བྱ་བ་གཅིག་མཚུངས་ལ་ཉེས་ཅན་སྲོག་ཐོག་གཏོང་བ་ཁྲིམས་མཐུན་དང་ཉེས་མེད་བསད་པ་ཁྲིམས་འགལ། མཆིལ་ལྷམ་ཞིག་སྟོན་པའི་དབུར་བཞག་པ་དང་བསལ་བ་གཉིས་བྱ་བའི་ངོས་ནས་འགལ་རུང་བསམ་པ་བཟང་པོས་བྱས་པས་གཉིས་ཀ་དགེ་ལས་སུ་འགྱུར་བས་སོ། །བོད་ཀྱི་མེར་བསྲེགས་པ་དག་གིས་གཞན་སུ་ལའང་གནོད་པ་ཅུང་ཟད་ཀྱང་བྱས་མེད་པ་དེ་ནས་ཅི་ཞིག་མཚོན་ཡོད།  གཞན་ཡང་མེར་བསྲེགས་ཙམ་གྱིས་འཚེ་བར་འགྱུར་ན་ནང་པ་ཞིག་གིས་ངེས་པར་ངོས་ལེན་བྱེད་དགོས་པའི་རང་གི་སྟོན་པའི་གསུང་འཛངས་བླུན་དང་། པད་དཀར། ཕལ་ཆེན། དཀོན་བརྩེགས་སོགས་ལུང་བརྒྱ་ཕྲག་དང་འགལ་ཡོད། བསྟན་པའི་རྩ་བ་དགེ་འདུན་གྱི་སྡེ་ཡིན་ཀྱང་རྒྱ་གཞུང་གིས་རང་རང་གི་འདོད་མོས་ལ་མི་ལྟ་བར་བཙན་གྱིས་གྲྭ་བཙུན་ལ་གྲངས་ཚད་བཟོ་བ་དེ་དེ་བས་སྟོན་པའི་དགོངས་པ་རྡོག་རོལ་དུ་གཏོང་བ་མ་ཡིན་ནམ། དགོན་པར་དོ་དམ་ཨུ་ཡོན་ལྷན་ཁང་ཟེར་བ་འཛམ་གླིང་ནང་རྒྱ་ནག་མ་གཏོགས་མེད་པ་ཅི་ཡིན་ནམ

Share this:
༤༢ ཀློག་གྲངས།