ཆོས་ཀྱི་ཐོག་ནས་༧གོང་ས་མཆོག་ལ་ལྟ་སྟངས།

བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་དྲི་མ་མེད་པ་དེ་ནི་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱོན་ཏེ་ཟབ་པ་དང་རྒྱ་ཆེ་བའི་མདོ་སྔགས་ཀྱི་ཆོས་ཚུལ་དུ་མ་གདུལ་བྱའི་ཁམས་དང་མོས་པར་བསྟུན་ཏེ། ཆོས་འཁོར་རིམ་པ་གསུམ་བསྐོར་བ་ནས་སྟོན་པའི་གཏད་རབས་བདུན་དང་།

རྒྱ་གར་རྒྱན་དྲུག་མཆོག་གཉིས།  ཎ་ལེན་ཌའི་པཎ་ཆེན་བཅུ་བདུན། གྲུབ་ཆེན་བརྒྱ་བཅུ་སོགས་ནས་རིམ་བཞིན་མཁན་སློབ་ཆོས་གསུམ་བོད་དུ་གདན་འཛོམས་མཛད་པ་ནས་བཟུང་བོད་གངས་ཅན་དུ་སངས་རྒྱས་པའི་མདོ་སྔགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཉམས་སུ་བླངས་ཏེ་སེམས་ཅན་གྲངས་ལས་འདས་པ་སྨིན་གྲོལ་གྱི་ལམ་དུ་བཀོད་པར་མཛད་ཡོད།  སྔ་འགྱུར་རྙིང་མ་དང་། ས་སྐྱ། བཀའ་བརྒྱུད། བོ་དོང་། ཇོ་ནང་། བཀའ་གདམས། དགེ་ལུགས། དེ་བཞིན་བོད་གནའ་རབས་ཀྱི་གདོད་མའི་ཆོས་ལུགས་གཡུང་དྲུང་བོན་དང་།  ཁ་ཆེ། ཡེ་ཤུ་སོགས་དར་ཁྱབ་བྱུང་བ་ནས་བཟུང་ད་ལྟ་བར་བོད་དང་བོད་རིགས་མི་དམངས་ཚོར་མཚོན་ན་སྔ་ནས་ད་བར་ཆོས་ཀྱི་ཐོག་ནས་ཕན་ཐོགས་རླབས་ཆེན་བྱུང་དང་འབྱུང་བཞིན་ཡོད།

ཆོས་རྒྱལ་སྲོང་བཙན་སྒམ་པོ་ཞེས་དགོངས་པའི་གཏིང་དཔོག་པར་དཀའ་བའི་རྒྱལ་པོ་ཆེན་པོ་དེ་དང་། ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན། ཆོས་རྒྱལ་ཁྲི་རལ་པ་ཅན་སོགས་དང་།  དེ་བཞིན་༸ རྒྱལ་བ་དགེ་འདུན་གྲུབ་པ་ནས་ད་ལྟའི་སྐུ་ཡི་འཕྲེང་བ་བཅུ་བཞི་པ་ཆེན་པོ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་བསྟན་པ་དང་འགྲོ་བའི་དོན་དུ་བསམ་བཞིན་དུ་སྲིད་པའི་ཚུལ་དུ་བྱོན་ནས་བོད་དང་བོད་མི་རིགས་གཉིས་ལ་ནམ་ཡང་གཞལ་བར་དཀའ་བའི་བཀའ་དྲིན་གྱི་ཕུང་པོ་རི་རབ་ལས་ཀྱང་ལྷག་པ་ཞིག་བཞག་དང་འཇོག་བཞིན་ཡོད།

དེ་ཡང་ཆོས་ཀྱི་ཐོག་ནས་བལྟས་ནས་བླ་མ་ནི་སངས་རྒྱས་སྐུ་དངོས་ལས་ལྷག་པའི་བཀའ་དྲིན་ཆེ་བ་དང་། མ་ཟད་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ནི་སངས་རྒྱས་སྐུ་དངོས་ཡིན་པར་སྙོན་མི་མངའ། དེ་ལྟར་༸ ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸ སྤྱི་ནོར་༸ གོང་ས་སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་མཆོག་ནི་བོད་དང་བོད་གངས་ཅན་ལྗོངས་ཀྱི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཚད་ལྡན་ཞིག་ཡིན་པ་མ་ཟད་བོད་དང་བོད་མི་རིགས་ཡོངས་ཀྱི་ཚེ་རབས་འདི་ཕྱི་གཏན་གྱི་སྐྱབས་གནས་ནམ་ཡང་བསླུ་བ་མེད་པའི་མཐར་ཐུག་དེ་རང་ཡིན་སྟབས་ང་ཚོས་༸ གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་གསུང་ཐུགས་ནི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ཆ་ལས་རྗེ་བཙུན་འཇམ་དཔལ་དབྱངས། སངས་རྒྱས་ཐམས་ཅད་ཀྱི་བརྩེ་བའི་ཆ་ལས་འཕགས་པ་སྤྱན་རས་གཟིགས། སངས་རྒྱས་ཐམས་ཅད་ཀྱི་ནུས་པའི་ཆ་ལས་གསང་བདག་ཕྱག་ན་རྡོ་རྗེ་བཅས་འཕགས་མཆོག་རིགས་གསུམ་མགོན་པོའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་གསུམ་གྱི་མཛོད་འཛིན་པའི་མཁྱེན་བརྩེ་ནུས་པའི་ཡོན་ཏན་གཅིག་ཏུ་སྡུད་པའི་བདག་ཉིད་དེ་ནི་༸ རྒྱལ་བ་བསྟན་འཛིན་རྒྱ་མཚོ་དེ་ཁོ་ན་ཉིད་ཡིན་སྟབས་ང་ཚོས་༸ གོང་ས་མཆོག་གི་རླབས་ཆེན་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་མཛད་འཕྲིེན་ཐ་དག་ལ་སློབ་སྦྱོང་བྱས་ཏེ་ཤེས་ནས་དད་པ་ཐོབ་པའི་བོད་མི་ཞིག་ངེས་པར་དུའང་བྱེད་ཐུབ་པ་དགོས། དེ་ནི་ངས་༸ གོང་ས་སྐྱབས་མགོན་པོ་ཆེན་པོ་མཆོག་ལ་རང་ཉིད་ནང་པ་ཞིག་ཡིན་པའི་ཆ་ནས་ཆོས་ཀྱི་ཐོག་ནས་ལྟ་སྟངས་དང་དད་གུས་བྱེད་སྟངས་ཞིག་མཚོན་བཞིན་ཡོད།།

སྲིད་ཀྱི་ཐོག་ནས་༸ གོང་ས་མཆོག་ལ་ལྟ་སྟངས།

བོད་དང་བོད་མི་རིགས་གཉིས་ཀྱི་འཇིག་རྟེན་སྲིད་ལུགས་ཀྱི་བྱ་གཞག་དང་འབྲེལ་བའི་ཐོག་ནས་བཤད་ནས་མཐོ་སྒང་ཁ་བ་གངས་ཅན་གྱི་ལྗོངས་འདིར་མཚོན་ན་འཇིག་རྟེན་གཅིག་མཚུངས་ལྟར་ས་བབ་དང་། གནམ་གཤིས་སོགས་རང་བྱུང་ཁམས་ཀྱིི་ནང་དར་རྒུད་དང་འཚོ་གནས་ཆེད་འཐབ་རྩོད་ཡུན་རིང་བྱས་མྱོང་ཞིང་། དེ་ཡང་གནའ་བོའི་བོད་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྲིད་པའི་དཔལ་ཡོན་རིམ་བཞིན་དར་རྒྱས་བྱུང་འགོ་ཚུགས་པ་ནས་བཟུང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་གནམ་གྱི་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། བར་གྱི་ལེགས་དྲུག ས་ལ་སྡེ་བརྒྱད། འོག་གི་བཙན་གསུམ་སོགས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་གཙོས་པའི་བོད་ཀྱི་མེས་པོ་གོང་མ་དག་གིས་གནའ་བོ་བོད་ཀྱི་ཆོས་ལུགས་དང་། ཆབ་སྲིད། སྐད་ཡིག རིག་གཞུང་། སྙིང་སྟོབས། དཔའ་ངར། ལས་ལ་བརྩོན་པ་སོགས་འཇིག་རྟེན་ནང་སྒྲུབ་དགོས་པའི་ཆབ་སྲིད་ཀྱི་བྱ་བ་ཐ་དག་གི་ངལ་བའི་འཁུར་ཆེན་ཕྲག་པར་གཏེགས་ནས་གླིང་ཆེན་ཨེ་ཡེ་ཤའི་ཁྱོན་འདིར་གསུམ་གཉིས་ས་ལ་མངའ་དབང་བསྒྱུར་བའི་ལོ་རྒྱུས་ཀྱི་རྡོ་རིང་ཡུན་རིང་བརྟན་པོར་བཙུགས་ནས་གཏམ་གསུམ་སྐད་ཀྱིས་ཆོད་པའི་བོད་དང་བོད་མི་རིགས་ཀྱི་ཆེས་རླབས་ཆེན་གྱི་བྱ་གཞག་དང་བྱས་རྗེས་དུ་མ་བཞག་མྱོང་བ་རེད།

རྒྱལ་པོ་གླང་དར་མ་ནས་ཆོས་རྒྱལ་གྱི་གདུང་བརྒྱུད་ཆད་པ་ནས་བཟུང་ནས་བོད་བསིལ་བུར་ཐོར་ནས་མི་ལོ་སུམབརྒྱ་ལྷག་གི་རིང་རྒྱལ་ཕྲན་བསིལ་བུར་ཐོར་བའི་རྐྱེན་ངན་གྱིས་རྒོད་ཆག་བྱུང་འགོ་འཚུགས་པ་ནས་བཟུང་། རིམ་བཞིན་ཆོས་ལུགས་དབང་བསྒྱུར་གྱི་སྲིད་དབང་བཟུང་ཞིང་། མཐར་༸ གོང་ས་ལྔ་པ་ཆེན་པོས་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་མི་ལོ་གསུམ་བརྒྱ་ལྷག་གི་རིང་༸ རྒྱལ་དབང་སྐུ་འཕྲེང་རིམ་བྱོན་གྱིས་གང་ཐུབ་ཐུབ་ཀྱིས་བོད་དང་བོད་རིགས་མི་དམངས་ཚོར་ཆབ་སྲིད་དང་། ཆོས་ལུགས། རིག་གཞུང་། སྐད་ཡིག། དཔལ་འབྱོར་སོགས་སྒོ་གང་ས་གང་ནས་བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་ཐུགས་འཁུར་གཟབ་བཞེས་མཛད་ཡོད།  ༸ གོང་ས་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་དགོངས་པ་ཞི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པ་ནས་བཟུང་སླར་ཡང་བོད་ཁམས་སུ་༸ རྒྱལ་བ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་འཁྲུངས་ཏེ་ཆེས་སྐུ་ན་ཕྲ་བའི་དུས་སྐབས་ཤིག་ནས་བོད་ཀྱི་ཆེས་ལྕི་བའི་ཆབ་སྲིད་སོགས་སྒོ་གང་ས་ནས་ཐུགས་འགན་མ་བཞེས་ཀ་མེད་ཀྱི་གནས་སུ་ལྷུང་ཡོད། འོན་ཀྱང་ཁོང་གི་ནང་བསྟན་ཆོས་ལུགས་ཀྱི་སློབ་སྦྱོང་དང་།  ཆབ་སྲིད། སྲིད་དབང་བསྒྱུར་བཅོས། མདོར་ན་བོད་དང་བོད་མི་རིགས་གཉིས་ཀྱི་ལས་དབང་ཐུགས་འགན་ཚད་མེད་བཞེས་གནང་མཛད་ཀྱང་དཔེར་ན། ཁང་པར་ཞིག་ལ་མཚོན་ན་རྨང་གཞི་མེད་པའི་རྩིག་རྨང་དང་རྨང་གི་མི་ཐུབ་པའི་བོད་ཀྱི་ཆབ་སྲིད་ཀྱི་དཀའ་ངལ་རིམ་བཞིན་ཉག་ཕྲ་བར་གྱུར་ཏེ་མཐར་རྒྱ་ནག་དམར་པོའི་དྲག་པོའི་དམག་གིས་བཙན་འཛུལ་བྱས་རྐྱེན་མཐར་རྒྱ་གར་དུ་རེ་ཞིག་སྐྱབས་བཅོལ་དུ་མ་ཕེབས་རང་ཕེབས་ཆགས།

དེ་ལྟ་བུའི་བོད་དང་བོད་མི་རིགས་ཟེར་བ་དེ་འཛམ་གླིང་སྤྱི་དང་ལྷག་པར་གླེང་ཆེན་ཨེ་ཤའི་ཡའི་ས་ཁྱོན་འདིར་ནམ་ཡང་གོ་རྒྱུ་དང་ཐོས་རྒྱུ་མེད་པའི་གནས་བབ་ཆེས་གཉན་འཕྲང་གི་གནས་སུ་ལྷུང་ནའང་༸ གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་གྱི་མཁྱེན་དཔྱོད།  སྙིང་སྟོབས། ལྷག་བསམ།  དྲང་བདེན། མཁྱེན་ཡོན། འཇོན་ཐང་། བྱམས་བརྩེ། འཚེ་བ་མེད་པའི་ལྟ་གྲུབ་སོགས་སྒོ་གང་ས་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་དེ་བཞུགས་སྒར་རྡ་སར་ཐབ་ཆུང་ཆུང་ཞིག་གི་ནང་མེ་ཚར་པོ་ཞིག་སྤར་ཏེ་སླར་ཡང་འཛམ་གླིང་སྤྱི་དང་གླིང་ཆེན་ཨེ་ཤེ་ཡའི་ཁྱོན་འདིར་བོད་དང་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་དང་བོད་བསྟན་སྲིད་ཀྱི་རྩ་དོན་དོན་པོ་ཆེ་དེ་རྒྱ་ནག་གུང་ཁྲན་ཏང་གིས་དྲག་པོའི་དམག་དཔུང་ཁྲི་འབུམ་མང་པོས་ཀྱང་དུས་རབས་ཉེར་གཅིག་པ་འདིའི་ནང་ནག་གསུབ་ཏུ་བཏང་མ་ནུབ་པ་མ་ཟད་ད་དུང་ཨ་རི་དང་། ཡུ་རོབ། སོགས་མདོར་ན་འཛམ་བུའི་གླིང་འདིར་ད་དུང་སྔར་གོ་མྱོང་དང་། ཐོས་མྱོང་མེད་པའི་རྒྱལ་ཁབ་དང་མི་རིགས་མང་པོའི་ཁྲོད་བོད་དང་བོད་མི་རིགས་རང་དབང་དང་། ཐོབ་རྩོད། བོད་ཀྱི་ཏྰ་ལའི་བླ་མ་ཞེས་པའི་མཚན་སྙན་འཛམ་གླིང་ས་སྟེང་གང་སར་དབྱར་ཁའི་གནམ་དུ་འབྲུག་སྐད་ལྡིར་བ་ལྟར་བསྒྲགས་དང་སྒྲོག་བཞིན་པ་ཡིན།   དེ་ལྟར་འཛམ་གླིང་སྔོན་ཐོན་གྱི་རྒྱལ་ཁབ་སྤྱི་མཚུངས་དང་འདྲ་བར་དམངས་གཙོ་དང་། རང་དབང་། དྲང་བདེན།  ཕྱི་གསལ་ནང་གསལ།  སྤྱི་འཐུས། བཀའ་ཤག  ཁྲིམས་ཁང་།  གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་སོགས་མདོར་ན་འཛམ་གླིང་ནང་སྐྱབས་བཅོལ་གཞུང་འདིར་སུས་བལྟས་ཀྱང་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཀྱི་མེ་ཏོག་བཏོར་བཞིན་ཡོད། དེ་ནི་ངས་༸ གོང་ས་སྐྱབས་མགོན་པོ་ཆེན་པོ་མཆོག་ལ་རང་ཉིད་བོད་ཀྱི་ཆབ་འབངས་མི་སེར་དཀྱུས་མ་ཞིག་ཡིན་པའི་ཆ་ནས་ཆབ་སྲིད་ཀྱི་ཐོག་ནས་ལྟ་སྟངས་དང་དགའ་ཞེན་བྱེད་སྟངས་ཞིག་མཚོན་བཞིན་ཡོད།།

མི་དམངས་ཀྱི་འཚོ་བའི་ཐོག་ནས་༸ གོང་ས་མཆོག་ལ་ལྟ་སྟངས།

སྤྱི་ལོ་ང་དགུ་ལོར་བོད་ས་ཡོངས་རྫོགས་རྒྱ་ལག་ཏུ་ཤོར་བ་ནས་བཟུང་ད་བར་བཙན་བྱོལ་དུ་ཡོད་པའི་བོད་རིགས་འབུམ་ཆིག་འབུམ་ལྔ་ཁྲི་ལྷག་གཅིག་དམངས་གཙོ་དང་། རང་དབང་། བདེ་སྐྱིད་ལྡན་པའི་འཕགས་ཡུལ་རྒྱ་གར་གྱི་ཡུལ་དུ་༸ བོད་ཀྱི་ལྟ་བའི་མིག་དང་། ཁོག་པའི་སྙིང་ལྟ་བུའི་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཀའ་དྲིན་ཆིབས་བསྒྱུར་ཞབས་སོར་འཁོད་པ་ནས་བཟུང་སྐྱབས་བཅོལ་བོད་གཞུང་དང་། སྐྱབས་བཅོལ་བོད་མིའི་འཚོ་གནས་ཀྱི་དཀའ་ངལ་ནི་ཆེས་བསམ་ཡུལ་ལ་མི་གཤོངས་བ་ལྟ་བུའི་དཀའ་ཚེགས་ཀྱི་གནས་སུ་ལྷུང་ནའང་༸ གོང་ས་མཆོག་གི་ཆེས་རླབས་ཆེན་གྱི་རྣམ་དཔྱོད་དང་། གཞལ་བར་དཀའ་བའི་ཐུགས་རྗེའི་བཀའ་དྲིན་གྲིབ་བསིལ་འོག་ཏུ་བསྔགས་པར་འོས་པའི་རྒྱ་གར་དབུས་སའི་གཞུང་དང་། རྒྱ་གར་མི་དམངས་གཉིས་ཀྱི་ཐུགས་རྗེའི་མཐུན་འགྱུར་རོགས་རམས་འོག་སྐྱབས་བཅོལ་བོད་གཞུང་ཆེད་འཛུགས་དང་། སྐུ་ཚབ་དོན་གཅོད་གསར་འཛུགས།  དེ་བཞིན་རྒྱ་གར་གྱི་མངའ་སྡེ་ཁག་ཏུ་བོད་རིགས་མི་དམངས་རྣམས་ཁག་བགོས་བྱས་ཏེ་གཞིས་ཆགས་གསར་འཛུགས་དང་།  ས་ཞིང་། འཚོང་ལས།  བཟོ་གྲྭ།  སློབ་གྲྭ། དགོན་སྡེ། ཆོས་ཚོགས་སོགས་སྣ་མང་གསར་འཛུགས་གནང་སྟེ་སྔར་གྱི་རང་དབང་ཡོད་པའི་དུས་སྐབས་ལས་ཀྱང་ལྷག་པའི་མི་དམངས་ཀྱི་འཚོ་གནས་དང་། དཔལ་འབྱོར། འགྲོ་འོང་རང་དབང་།  སྨྲ་བརྗོད་རང་དབང་། བསམ་པའི་རང་དབང་།  བོད་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་དང་དེང་དུས་ཀྱི་ཤེས་ཡོན་སོགས་ཕྱོགས་གང་ས་ནས་བལྟས་ཀྱང་༸ རྒྱལ་བ་རིན་པོ་ཆེའི་ཐུགས་བསྐྱེད་ཀྱི་སྨོན་ལམ་དང་མགོན་པོ་གང་ཉིད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱི་དབང་ལས་སྐྱབས་བཅོལ་བོད་རིགས་མི་དམངས་ཀྱི་འཚོ་གནས་འཁྲོད་ཀྱི་དཀའ་ངལ་ཐ་དག་རིམ་བཞིན་ཇེ་ལེགས་་ཇེ་བཟང་དུ་སོང་ནས་ད་ལྟའི་འཆར་སྤྱི་ཡོངས་ནས་བལྟས་ནས་མི་དམངས་ཀྱི་འཚོ་བ་དང་དཔལ་འབྱོར་གྱི་གནས་བབ་འཐུས་སྒོ་ཚང་དུ་ཕྱིན་ཏེ་འགྲིག་ཡོད།

དེ་བཞིན་བོད་རིགས་རྣམས་འཛམ་གླིང་ས་ཕྱོགས་གང་དུ་སྐྱབས་བཅོལ་དུ་ཕྱིན་ཀྱང་མགོན་པོ་གང་ཉིད་ཀྱི་ཐུགས་རྗེའི་བཀའ་དྲིན་དང་ཁོང་གི་མཚན་སྙན་གྲགས་ཀྱིས་བྱིན་རླབས་ལས་བོད་མི་ཟེར་དུས་ཕྱིའི་གཞུང་དང་མི་དམངས་ཚང་མས་ཡིད་ཆེས་དང་དགའ་མོས་བྱེད་ས་ཞིག་ཏུ་གྱུར་ཡོད། དེ་ནི་ངས་༸ གོང་ས་སྐྱབས་མགོན་པོ་ཆེན་པོ་མཆོག་ལ་རང་ཉིད་སྐྱབས་བཅོལ་བོད་མི་ཞིག་ཡིན་པའི་ཆ་ནས་མི་དམངས་ཀྱི་འཚོ་བ་དང་དཔལ་འབྱོར་གྱི་ཐོག་ནས་ལྟ་སྟངས་དང་དགའ་མོས་བྱེད་སྟངས་ཞིག་མཚོན་བཞིན་ཡོད།།

བོད་ཀྱི་རིག་གཞུང་ཐོག་ནས་༸ གོང་ས་མཆོག་ལ་ལྟ་སྟངས།

བོད་ཀྱི་ཐུན་མོང་མ་ཡིན་པའི་གདོད་མའི་ཆོས་ལུགས་གཡུང་དྲུང་བོན་དང་། བོད་མི་རིགས་ཀྱི་སྐད་ཡིག  བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་དང་། སྐར་དཔྱད་རྩིས་རིག  སྒྱུ་རྩལ། བཟློས་གར། སྙན་ངག དེ་བཞིན་བོད་བརྒྱུད་ནང་བསྟན་ཆོས་ལུགས་སོགས་མདོར་ན་ཆེས་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་མར་འགྱེལ་ས་གཅིག་ནས་ཡར་ལངས་ཏེ་འགྲོ་བསྐྱོད་ཐུབ་པའི་དུས་བབ་གཅིག་ལ་སླེབས་བཞིན་ཡོད་པ་འདི་དག་ཚང་མ་༸ གོང་ས་རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་དང་དང་ཁོང་གི་ལམ་སྟོན་འོག་ཤར་བསྐྱོད་བྱས་ཏེ་འགོ་ཁྲོད་དང་མི་དམངས་ཚོས་རང་རང་གི་ཤེས་ཡོན་དང་། འཇོན་ཐང་། ལྷག་བསམ། ཕྱར་གྲུ་མཉམ་འདེབས་བཅས་ལས་བྱུང་དང་འབྱུང་བཞིན་ཡོད།

ད་ལྟའི་ཆར་མཚོན་ན་བོད་མི་མི་རིགས་ཀྱི་བླ་སྲོག་ལྟ་བུ་དེ་བོད་ཀྱི་སྐད་ཡིག་དེ་ཡིན་པ་དང་། སྐད་ཡིག་དེ་བརྒྱུད་དེ་བོད་བརྒྱུད་ནང་བསྟན་གྱི་ཚང་ལ་མ་ནོར་བའི་རྒྱལ་བའི་བཀའ་བསྟན་ཟབ་རྒྱས་དུ་མའི་དཔལ་ལ་ལོངས་སུ་སྤྱད་དེ་རང་རྒྱུད་སྨིན་ཅིང་གཞན་བརྒྱུད་གདུལ་བའི་ཐབས་སུ་སྒོ་གང་ས་ནས་ལུས་སེམས་གཉིས་ཀྱི་བདེ་སྐྱིད་དང་ཞི་བདེའི་འཚོ་བར་རོལ་ཐུབ་པ།  དེ་བཞིན་བོད་མི་རིགས་ཀྱི་སྙིང་སྟོབས་དང། བོད་མི་རིགས་ཀྱི་ལ་རྒྱ། ལྷག་བསམ།  བྱམས་བརྩེའི་མི་གཤིས་སོགས་ལས་གྲུབ་པའི་བོད་ཀྱི་སངས་རྒྱས་པའི་ཆོས་ལུགས་ཀྱི་སློབ་སྦྱོང་དང་། ཉམས་ལེན། སྒོམ་སྒྲུབ།  བཤད་སྒྲུབ། སྐད་ཡིག  སྨན་གཞུང་། རྩིས་རིག  སྒྱུ་རྩལ། སྙན་ངག་ལ་སོགས་པའི་བོད་དང་བོད་མི་རིགས་གཉིས་ཀྱི་གནའ་བོའི་རིག་གཞུང་ཐ་དག་གི་བསྟན་པའི་མེ་རོ་རྨང་ནས་གསོ་བར་མཛད་དེ་ད་ལྟའི་འཆར་འཛམ་གླིང་འདིར་ཕྱི་མི་དོན་གཉེར་ཅན་རིམ་བཞིན་ཇེ་མང་ཇེ་མང་དུ་སོང་ནས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག སྒྱུ་རྩལ། སྙན་ངག  བཟློས་གར། ལྷ་བྲིས། ལག་རྩལ་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་ཐུབ་པའི་དུས་བབ་གཅིག་དང་དུས་རབས་ཉེར་གཅིག་པ་འདིའི་འཚོ་གནས་འཁྲོད་དུ་སོན་པོར་གནས་ཤིང་ཀུན་ལ་ཕན་པའི་གསོ་སུ་སྨིན་པའི་གྱུར་རུ་གྱུར་ཐུབ་པ་འདི་དག་ཐམས་ཅད་རྩ་བ་མདོར་བསྡུས་ནས་བཤད་ན་༸ གོང་ས་ཡིད་བཞིན་ནོར་བུའི་ཐུགས་རྗེའི་བཀའ་དྲིན་དང་ལམ་སྟོན་གྱི་བཀའ་སློབ་བཟང་པོའི་འོག་རྩ་བ་ཚུགས་ཏེ། ཡལ་ག་སྐྱེས། ལོ་འདབ་རྒྱས། འབྲས་བུ་སྨིན་པའི་དུས་སུ་སླེབས་བཞིན་ཡོད་པས་བོད་ཀྱི་རིག་གཞུང་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ཐད་དུས་རབས་ཉེར་གཅིག་པ་འདིའི་ནང་མི་དང་དཔུང་པ་མཉམ་བཤིབ་ཐོག་འགྲོ་ཐུབ་པའི་དུས་ཚོད་ཞིག་ལ་སླེབས་པ་འདི་རྣམས་མགོན་པོ་གང་ཉིད་མཛད་འཕྲིེན་འོག་ནས་བྱུང་དང་འབྱུང་བཞིན་ཡོད།  དེ་ནི་ངས་༸ གོང་ས་སྐྱབས་མགོན་པོ་ཆེན་པོ་མཆོག་ལ་རང་ཉིད་བོད་ཀྱི་རིག་གཞུང་ལ་སྦྱངས་པ་དང་དགའ་ཞེན་ཡོད་མཁན་གཅིག་མཁན་ཡིན་པའི་ཆ་ནས་རིག་གཞུང་གི་ཐོག་ནས་ལྟ་སྟངས་དང་དགའ་ཞེན་བྱེད་སྟངས་ཞིག་མཚོན་བཞིན་ཡོད།།

ལྟ་གྲུབ་དང་མི་གཤིས་ཀྱི་ཐོག་ནས་༸ གོང་ས་མཆོག་ལ་ལྟ་སྟངས།

ཆོས་ལུགས་ཀྱི་ལྟ་གྲུབ་ཐོག་ནས་བཤད་ན་༸ གོང་ས་སྐྱབས་མགོན་ཆེན་པོ་ནི་སྤྱིར་བཏང་གང་ཉིད་རི་བོ་དགེ་ལུགས་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་ཆེན་པོའི་ཞྭ་སེར་བསྟན་པའི་ཆོས་སྒོར་བཞུགས་ཏེ་དགེ་བའི་བཤེས་གཉེན་གྱི་ཡོངས་འཛིན་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པར་བསླབ་གཉེར་གསན་བསམ་མཛད་དེ་ཆོས་ཀྱི་མཁྱེན་པ་རབ་ཏུ་རྒྱས་ཞིང་མགོན་པ་ཀླུ་སྒྲུབ་དང་། ཟླ་བ་གྲགས་པ། ཐོགས་མེད་སྐུ་མཆེད། ཞི་བ་ལྷ། ཇོ་བོ་རྗེ་སོགས་རྒྱ་གར་གྱི་མཁས་གྲུབ་དུ་མ་དང་བོད་ཀྱི་མཁས་གྲུབ་དུ་མའི་ནང་བསྟན་ཆོས་ལུགས་ཀྱི་ཆོས་ཚུལ་ཡོངས་སུ་རྫོགས་པའི་མངའ་བདག་ཆེན་པོ་ཞིག་ཏུ་གྱུར་ཡོད།  ཕྱིས་སྐྱབས་བཅོལ་དུ་ཆིབས་བསྒྱུར་བསྐྱངས་པ་ནས་བཟུང་སྟེ་རིས་མེད་བསྟན་པ་སྤྱིར་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་སྟེ་སློབ་དཔོན་པདྨ་འབྱུང་གནས་སོགས་སྔ་འགྱུར་རྙིང་མ་བསྟན་པ་དང་།  བླ་ཆེན་སྙིང་པོ་དང་བསོད་ནམས་རྩེ་མོ་ས་པཎ་སོགས་དཔལ་ས་སྐྱའི་བསྟན་པའི་ཟབ་ཆོས། མར་སྟོན་ཆོས་ཀྱི་བློ་གྲོས་དང་མི་ལ་རས་པ་སོགས་སྒྲུབ་བརྒྱུད་དང་དོན་བརྒྱུད་དཔལ་ལྡན་བཀའ་རྒྱུད་པའི་ཟབ་ཆོས། ཇོ་ནང་ཀུན་མཁྱེན་ཏྰ་ར་ན་ཐྰ་སོགས་ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོའི་ཆོས་ཚུལདང་། བོ་དོང་ཕྱོགས་རྣམ་རྒྱལ་སོགས་རྒྱལ་བ་བོ་དོང་བའི་ཟབ་ཆོས་ཐ་དག  དེ་འཛམ་གླིང་སྤྱིའི་ངོས་ནས་བཤད་ན་ཁ་ཆེ་དང་། ཡེ་ཤུ། ཧིན་དུ། སིག རྗེན་ལ་སོགས་པའི་རིས་མེད་ཆོས་ལུགས་ཡོངས་རྫོགས་ལ་ཤེས་ནས་དད་པ་ཐོབ་པའི་དག་སྣང་ནོར་བུའི་འོད་སྣང་གིས་འཛམ་གླིང་ནང་རིས་མེད་ཕྱི་ནང་ཆོས་ལུགས་ཡོངས་ཀྱི་མཐུན་བསྒྲིལ་གོང་བུ་གཅིག་ཏུ་བསྒྲིལ་ནས་མཛད་འཕྲིེན་རིས་མེད་ཀྱི་ཉི་མ་ལྟར་ཀུན་ལ་ཁྱབ་དང་ཁྱབ་བཞིན་ཡོད།

དེ་བཞིན་བོད་དང་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་ལྟ་གྲུབ་ཀྱི་ཆ་ནས་བརྗོད་ན་རྒྱ་བོད་མི་རིགས་གཉིས་ཀྱི་འདུ་ཤེས་དེ་སྤུན་ཟླའི་ལྟར་དུ་བཟུང་ནས་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱལ་རྒྱ་ཕམ་དང་རྒྱ་རྒྱལ་བོད་ཕམ་མེད་པར་ཕྱོགས་གཉིས་ཀའི་ཆབ་སྲིད་དང་། རང་དབང་། བདེ་སྐྱིད། འཚོ་གནས། དུས་བབ། རྒྱ་བོད་གཉིས་ཀའི་གཞུང་དང་མི་དམངས་གཉིས་ཀར་ཕན་པའི་ཐུགས་དགོངས་དངྭས་གཙང་ལྷད་མེད་ཀྱི་ངང་ནས་གཉིས་ཕན་གྱི་ལམ་ནས་ནམ་ཡང་ཕན་ཚུན་ལ་འཚེ་བ་མེད་པའི་ལྟ་གྲུབ་དང་ཞི་བདེ། དྲང་བདེན་བཅས་ཀྱི་ཐོག་ནས་བཀའ་སློབ་དང་ལམ་སྟོན་མཛད་དང་མཛད་བཞིན་ཡོད།

འཚེ་བ་མེད་པའི་ལྟ་གྲུབ་དང་། ཞི་བདེ། དྲང་བདེན། ལྷག་བསམ། བྱམས་བརྩེ། ཡ་རབས། བཟང་སྤྱོད། འདོད་ཆུང་། ཆོག་ཤེས། གཞན་ཕན།  སྙིང་སྟོབས། བཟོད་བསྲན་སོགས་ལུས་ངག་ཡིད་གསུམ་གང་ཐད་ནས་ཞིབ་ཏུ་དཔྱད་ནའང་ནཡ་མང་བསླུ་བ་མེད་ལ་སྐྱོན་ཀུན་ཟད་ཡོན་ཏན་ལྡན་གྱི་རང་བཞིན་ཅན་ཞིག་ཏུ་གྱུར་ཏེ་ཞི་བདེ་དེད་དཔོན་གྱི་རྟགས་མ་དང་།  ཨ་རིའི་གསེར་གྱི་རྟགས་མ་ལ་སོགས་པའི་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་གཟེངས་རྟགས་དང་། ཆེ་བསྟོད་ཀྱི་བྱ་དགའི་རྟགས་མ། མཁས་དབང་གི་ཕྱག་འཁྱེར་སོགས་གྲངས་ལས་འདས་པ་ཞིག་ཐོབ་དང་ཐོབ་བཞིན་པ་རེད།

མི་གཤིས་ཀྱི་ཐོག་ནས་བརྗོད་ན་༸ གོང་ས་མཆོག་ནི་མི་སེམས་བཟང་ཅན་ཞིག་དང་། ཉམ་ཆུང་ཅན།  ཤེས་ཡོན་ཅན། ལྷག་བསམ་ཅན། དྲང་བདེན་ཅན། བྱམས་བརྩེ་ཅན། ཡ་རབས་ཅན། བཟང་སྤྱོད་ཅན། གུ་ཡངས་ཅན། ཆོག་ཤེས་ཅན། གཞན་ཕན་ཅན།  ལ་རྒྱ་ཅན།  འཇོན་ཐང་ཅན། སྙིང་སྟོབས་ཅན།  རིག་སྟོབས་ཅན། རྣམ་དཔྱོད་ཅན། རང་ཚུགས་ཅན།  བཟོད་བསྲན་ཅན། སྙན་གྲགས་ཅན་སོགས་མདོར་ན་འཛམ་གླིང་ནང་མི་སུ་དང་འགྲོགས་ནའང་བློ་མཐུན་པོ་དང་འགྲོགས་བདེ་བའི་མི་ཚད་ཐུབ་ཅན་གྱི་མི་གཤིས་བཟང་ཤོས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།

དེར་བརྟེན་༸ ཁོང་ནི་བོད་རིགས་འཁྲུལ་མེད་ཅན་གྱི་མི་ཞིག་ཡིན་སྟབས་བོད་དང་བོད་མི་རིགས་ཀྱི་ངོས་ནས་བརྗོད་ན་ངོས་འབྲེལ་ང་ཚོ་སྟེ་བོད་ཕྱི་ནང་གི་བོད་རིགས་ཚོའི་ངོས་ནས་བཤད་ན་དེ་ནི་ང་ཚོའི་བོད་མི་རིགས་དེ་བསྔགས་པར་འོས་པའི་མི་རིགས་ཞིག་ཡིན་པའི་དཔེ་མཚོན་ཙམ་མ་ཟད་བོད་མི་རིགས་ཀྱི་འཛམ་གླིང་ནང་ཞབས་འདེབས་དང་བྱས་རྗེས་རླབས་ཆེན་འཇོག་ཐུབ་པར་ཡིད་ཆེས་བྱེད་ཐུབ་པའི་དཔང་མི་ལྟ་བུར་གྱུར་ཡོད་པས། དེ་ནི་ངས་༸ གོང་ས་སྐྱབས་མགོན་པོ་ཆེན་པོ་མཆོག་ལ་རང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མིའི་ལྟ་གྲུབ་དང་མི་གཤིས་ཀྱི་ཐོག་ནས་ལྟ་སྟངས་དང་གུས་བཀུར་བྱེད་སྟངས་ཞིག་མཚོན་བཞིན་ཡོད།།

མཇུག་བསྡོམས།

མཇུག་ཏུ་ངས་མདོར་ཧྲིལ་གྱིས་བསྒྲིལ་ཏེ་བཤད་འདོད་པ་ནི་རང་ཉིད་བོད་ཀྱི་མི་རིགས་ལས་མཆེད་པའི་བོད་རིགས་མི་དམངས་དཀྱུས་མ་ཞིག་ཡིན་པའི་ཆ་ནས་བོད་དང་བོད་རིགས་མི་དམངས་ལ་དགའ་ཞེན་བྱེད་དགོས་པ་་དང་། ལ་རྒྱ་ཡོད་དགོས་པ་དེ་ནི་མི་རིགས་གཅིག་གི་ལྷན་སྐྱེས་ཀྱི་གཤིས་ཀ་དང་། མི་གཤིས་དེ་དང་འབྲེལ་བའི་ཐོག་ནས་མི་དམངས་ཀྱི་འཚོ་བ་དང་། མི་རིགས་རྩ་དོན་ཆེད་ལ་རྒྱ་དམ་གཟབ་གཅིག་ཡོད་དགོས་པ་དེ་ནི་རང་ཉིད་བོད་རིགས་གཅིག་ཡིན་པའི་ཆ་ནས་བོད་མིའི་འོས་འགན་ཞིག་ཀྱང་ཡིན།

དེར་བརྟེན་ང་ཚོ་སྟེ་བོད་ཕྱི་ནང་གཉིས་ཀྱི་བོད་རིགས་མི་དམངས་སུ་ཞིག་ཡིན་ནའང་ང་ཚོས་བོད་ཀྱི་རྩ་དོན་དང་།  བོད་ཀྱི་བསྟན་པ་ཆབ་སྲིད།  བོད་མིའི་རང་དབང་། བོད་མིའི་དམངས་གཙོ། བོད་མིའི་ཐོབ་ཐང་། བོད་མའི་གསར་བརྗེའི་བཅོས་བསྒྱུར་སོགས་གང་ཞིག་བྱེད་འདོད་པ་དང་བྱེད་དགོས་པའི་ལས་འགན་སྒྲུབ་བཞིན་པའི་སྐབས་འདིར་བོད་དང་བོད་མི་རིགས་ཀྱི་བླ་སྲོག་ཁོག་པའི་སྙིང་དང་། ལྟ་བའི་མིག་ལྟ་བུའི་༸ བོད་ཀྱི་རླབས་ཆེན་༸ གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེར་ང་ཚོ་བོད་རིགས་སྟེ་དཔེར་ན། ཆབ་སྲིད་པ་དང་། མི་དྲག  བླ་ཆེན།  མཁན་སྤྲུལ།  གྲྭ་བཙུན།  མི་དམངས།  སློབ་ཕྲུག ཉམས་ཞིབ་པ། མཁས་དབང་སོགས་ལས་རིགས་དང་འཚོ་གནས་གང་དང་གང་ཡིན་ཡིན་མིན་ལ་མ་ལྟོས་པར་ངེས་དུའང་ངས་བསམས་ན་ང་ཚོས་ཆོས་དང་། ཆབ་སྲིད། དཔལ་འབྱོར། རིག་གཞུང་། ལ་རྒྱ། རྩ་དོན་འཐབ་རྩོད་སོགས་ཀྱི་ལམ་ཕྱོགས་དང་ལྟ་གྲུབ་ཇི་འདྲ་ཞིག་ཡིན་མིན་ལ་མ་བལྟོས་པར་ངེས་པར་ཅིས་ཀྱང་ང་ཚོས་རང་ཉིད་ཀྱིས་བསམ་གཞིགས་ཟབ་གནན་དང་གཏིང་རིང་པོ་བཏང་ནས་༸ བོད་དང་བོད་མི་རིགས་གཉིས་ཀྱི་ཚེ་རབས་འདི་ཕྱི་གཏན་གྱི་ནཡ་མང་བསླུ་བ་མེད་པའི་སྐྱབས་གནས་མཐར་ཐུག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བལྟ་སྟངས་དང་། དད་པ། དགའ་ཞེན། བརྩི་བཀུར་བྱེད་སྟངས་ཐད་ལམ་ཡང་དག་པར་མ་ནོར་བར་ངོས་འཛིན་བྱེད་ཐུབ་པ་བྱེད་དགསོ་ཀྱིན་འདུག དེ་ནི་དམ་པའི་ལྷ་ཆོས་དང་། འཇིག་རྟེན་མི་ཆོས་ཀྱི་ཆབ་སྲིད་སོགས་ཕྱོགས་གང་ནས་བལྟས་ཀྱང་རྒྱུ་མཚན་ཤེས་ནས་ང་ཚོས་༸ གོང་ས་མཆོག་ལ་འཛིན་པའི་ངོས་འཛིན་དང་ལྟ་སྟངས་དེ་ནི་བོད་ཕྱི་ནང་གི་བོད་རིགས་སུ་ཞིག་ཡིན་ཀྱང་ཅིས་ཀྱང་མ་ནོར་བ་ཞིག་ངེས་པར་འང་བྱེད་ཐུབ་པ་དགོས།།

སྤྲུལ་འཁོར་སྐལ་བཟང་དོན་ལྡན་གྱིས།  སྤྱི་ལོ་ ༢༠༡༣། ཟླ་ ༣། ཚེས་ ༡༤ ཉིན།

 

Share this:
༩༣ ཀློག་གྲངས།