ངའི་མི་ཚེའི་འགྱོད་པ་ཆེ་ཤོས་དེ་བཟང་པོའི་ལས་ཀྱི་འཕྲོ་མཐུད་མ་ཐུབ་པ་རེད། ངུ་ངུ་ངུ་ངུ་ངུ་་་་་་་་་་དམྱལ་བ།

དྲ་གྲོགས་དང་གཟིགས་མཁན་ཡོངས་ལ་སྐུ་ཁམས་བཟང་བའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། གུས་པ་དྲ་ཐོག་འདིར་ཡོངས་མ་ཐུབ་ནས་ཕལ་ཆེར་ཟླ་ངོ་གཅིག་ཙམ་ཞིག་འགོར་ཡོད། དེ་ནི་བདག་ཉིད་ལེ་ལོས་ངང་དུ་དུས་འདས་ནས་བསྡད་བཞག་པ་ལས་གཞན་དོན་ཆེན་པོའི་བྱ་བ་ལ་བྲེལ་ནས་བསྡད་བཞག་པ་ཡེ་ནས་མིན། དེས་ནས་དེ་རིང་ཡང་སྔར་བཞིན་དུ་ཁྱེད་ཅག་ལ་སེམས་གཏམ་རེ་བཤད་ཞོར་དུ་ཁྱེད་ཅག་དང་མཉམ་དུ་ཁ་བརྡ་རེ་བྱེད་པར་འདོད།

ཁ་བརྡ་བྱེད་ཟེར་ནས་ཆེན་པོ་དག་འཆད་མི་ཤེས་ཀྱང་། སེམས་གཏམ་རེ་ཅིས་ཀྱང་བཤད་འདོད་ཆེ། དེ་རིང་རང་ཉིད་ཀྱིས་ཁྱེད་ཅག་ལ་བཤད་འདོད་པ་དེ་ནི། ཁར་སང་མི་སེམས་བཟང་ཅན་ཞིག་མཐོང་བ་དེ་ནི་དེ་རིང་ཁྱེད་ཅག་ལ་བཤད་འདོད་པ་དེ་ཡིན། སྤྱིར་བོད་པ་ཟེར་བ་དེ་སེམས་བཟང་ཅན་དང་སེམས་བཟང་ལ་གོམས་པ་བརྟན་པོའི་ནུས་པ་ཐོབ་པའི་བཟང་པོའི་སེམས་ཀྱི་ནུས་པའི་མཐོ་ཚད་གཞན་ལས་མང་བའི་མི་བུ་གཞན་ལས་མ་འདྲ་བ་ཞིག་ཡིན་པར་འཆད་མཁན་ཡོད། ཡིན་ན་ཡང་བོད་པ་ཕྱོགས་ཡོངས་ནས་དེ་འདྲ་ཨེ་ཡིན་མི་ཤེས་ལ། ད་ལྟའི་བར་དུ་བོད་ཟེར་བ་དེ་ནི་དེ་ལྟ་བུ་ཞིག་ཡིན་པ་ང་རང་གིས་ཕྱོགས་སྡོམ་བྱེད་ཐུབ་མེད།
ཡིན་ན་ཡང་གལ་སྲིད་བོད་པའི་སྤྱི་ཚོགས་དེ་གོང་བཤད་བཞིན་ཁྱད་ཆོས་ལྡན་པ་ཞིག་ཡིན་ན་ནི། རང་ཡང་དེ་དག་གི་གྲལ་དུ་ཚུད་པ་རང་ཉིད་ཀྱིས་བྱེད་དགོས་པར་ཅིས་ཀྱང་གལ་དུ་ཆེ་བར་མཐོང་། དེས་ན་ཁར་སང་རང་གི་གང་མཐོང་བའི་ཡིག་ཐོག་ཏུ་ཕབ་འདོད་ཡོད་པ་དེ་གང་ཡིན་ཟེར་ན། ང་རང་གི་ཉེ་འཁོར་གྱི་མི་བུ་འགའ་ཤས་ཡིན་པ་ལས་གཞན་ཆེན་པོ་པ་དང་བྲག་ཕུག་པ་དང་ཆོས་གོས་ཅན་དེ་འདྲ་མིན། དེ་དག་གི་སེམས་བཟང་བྱེད་སྟངས་དེས་ང་རང་ལ་སེམས་འགུལ་ཐེབས་སུ་བཅུག་པ་དེ་ཡིན། ཁོང་ཅག་གིས་ནི་ལོ་ལྟར་ད་ལྟའི་དུས་ཚོད་འདི་བེད་དུ་སྤྱོད་ནས་ཉེ་འཁོར་གྱི་དགོན་པ་དག་གི་མཁན་སྤྲུལ་དང་གྲ་བཙུན་རྣམས་གདན་ཞུས་གྱིས་དུས་ཚོད་རིང་པོ་ལ་ཆོས་ཀྱི་གདམས་ངག་ཞུ་བ་དང་། ཕྱོག་སྐོར་སྒྲིབ་སྦྱོང་བྱེད་པ་དང་། དེ་དག་གི་དུས་རྣམས་སུ་སེམས་པ་བཟང་པོ་གོང་འཕེལ་དུ་བཏང་བ་ལ་ཕྱོགས་ཡོངས་ནས་སྦྱོང་བརྡར་དང་བཟང་པོའི་བྱ་བ་དང་འབྲེལ་ལས་དག་བྱེད་བཞིན་ཡོད་པ་དེ་ཡིན།
དེ་ན་མི་དེ་དག་ཕྱི་དྲོ་སྐོར་བ་ལ་ཕེབས་བཞིན་ཡོད་ལ། དེ་དག་གིས་དུས་དང་བསྟུན་ནས་སེམས་འགུལ་ཐེབས་སུ་བཅུག་པའི་བཟང་པོ་བྱ་བ་ཞིག་ང་རང་གིས་གང་མཐོང་བ་དེ་ནི། ཁོང་ཅག་མི་སྐྱ་ཡིན་ཡང་མིག་ས་ལ་ཕབ་ཅིང་གཞན་སུ་ལ་གུས་པ་དང་ལམ་དུ་སློང་མོ་བ་དག་སྦྱིན་པ་དང་། ཉེ་འཁོར་གྱི་མི་རྒན་ནད་པ་དག་ལ་སེམས་གསོ་དང་ནད་འདྲི་བྱེད་པ་དང་གཞན་རོགས་བྱེད་པ། ལམ་གྱི་གཡས་གཡོན་ལ་ཡོད་པའི་སེམས་ཅན་རྨས་མ་དག་སྨན་སྤྲོད་པ་དང་། རྐང་ཆག་ལག་ཆག་རྣམས་ལ་ཆག་ཤིང་བཅིང་པ་དང་། རྔོ་དང་གཡན་པའི་ནད་ཅན་རྣམས་ལ་བསྐུ་སྨན་བྱུགས་པ་དང། གཡས་གཡོན་གྱི་མི་བུ་སུ་མཐོང་ན་དེ་དག་ལ་བཟང་པོའི་འཛུམ་གྱིས་བསུ་ཞིང་སྙན་པའི་གཏམ་གྱིས་སེམས་པ་སེམས་པ་ལྷོད་དུ་ཕབ་པའི་གུ་ཡང་སེམས་ཚོར་ཟབ་མོ་སྦྱིན་ཞིང་། རང་གཞན་ཚང་མ་ད་བདེ་རྗེས་སྐྱིད་ཀྱི་གཞི་མ་བཟང་པོ་འདིང་བཞིན་པ་བདག་གིས་ཁར་སང་མཐོང་བ་དེ་རིང་ཟིན་བྲིས་སུ་བགྱིས་པ་ལགས་སོ། འདི་འདྲ་བའི་ཀུན་སྤྱོད་དེ་ཉི་མ་གཅིག་དང་གཉིས་ཀྱི་ནང་དུ་སུས་སྦྱོང་བརྡར་བྱེད་ན་དེ་ལ་ངེས་པར་སེམས་ཚོར་ཟབ་མོ་ཞིག་དང་བག་ཆགས་ཟབ་མོ་ཞིག་ངེས་པར་ཐེབ་པར་མཐོང་། ཡིན་ན་ཡང་དེང་སང་བོད་མི་ཆོས་པ་ཡིན་ཟེར་མཁན་རྣམས་ནས་ཀྱང་དེང་སང་མི་ལ་ཕན་བཏགས་བྱེད་ན་ཕན་པ་མེད་ཚུལ་བཤད་མཁན་མང་པོ་ཡོད། རྒྱུན་མཚན་དེ་དག་གིས་བཟང་པོའི་ལན་རྗེས་སློག་གི་མ་རེད་ལ། རྗེས་ནས་རང་གི་སྡུག་གྱོང་རེད་ཟེར་མཁན་ནི་མང་ཤོས་དེ་རེད། དེ་ལ་བདག་གིས་འདི་ལྟར་ལྟ་དགོས་པར་མཐོང་། སྤྱིར་བོད་པ་ཞིག་ཡིན་ན་ཆོས་པ་ཡིན་པར་སོ་སོའི་ཀྱང་ཁས་འཆེ་བཞིན་ཡོད་ལ། གཞན་གྱིས་ཀྱང་དེ་ལྟར་བཤད་བཞིན་ཡོད། ཡིན་ན་ཡང་ཕར་ཕན་བཏགས་ན་ཚུར་བཟང་པོའི་ལན་མ་རག་ན་སེམས་ལ་འགྱོད་པ་སྐྱེས་ནས་སྡུག་བསྔལ་རེད་ཟེར་བ་དང་། རང་གིས་ཕར་ཕན་བཏགས་པའི་གནང་སྦྱིན་བྱས་པ་སོགས་གྱོང་རེད་ཟེར་མཁན་ཉུང་ཉུང་མིན། ཆོས་སྲིད་ཟུང་འབྲེལ་བ་དེ་འདི་ལྟ་བུ་ཀུན་སྤྱོད་ཀྱི་ཐོག་ནས་འབྲེལ་བཤད་བྱེད་དུ་མེད་པ་ཞིག་མིན། གཞན་ལ་ཕན་གདགས་པའི་ལན་ལ་རེ་ནས་བསྒུག་པའི་སྐབས་སུ་དེ་ཡི་བཟང་པོའི་ལན་དེ་ཚུར་མ་རག་ནས་འགྱོད་སེམས་ཆེན་པོ་བྱེད་པ་དེ་ནི་གྱོང་ཉིས་བརྩེགས་ཡིན་ཞེས་ང་རང་གིས་ཚིག་ཐོག་ནས་འགྲེལ་བཤད་བྱེད་ཐུབ། ཡིན་ན་ཡང་དོན་ཐོག་ནས་རང་རང་ལག་ལེན་ན་ལྟ་དགོས་པ་ལས། སྡིག་དམོད་བྱེད་ས་སུ་ཡང་མེད། རང་གི་ཚུར་བཟང་ལན་མ་ལོན་པའི་གྱོང་དང་། སྔར་གཞན་ལ་ཕན་བཏགས་པའི་བྱ་བ་ལ་འགྱོད་པ་དེ་དགེ་བ་བྱས་པ་ལ་འགྱོད་པ་ཡིན་པས་དགེ་བ་ལ་འགྱོད་པ་ནི་ནམ་ཡང་མི་དགེ་བ་ཡིན་པར་སུས་ཀྱང་གསུང་བཞིན་ཡོད།
དེས་ན་རང་གི་ཕན་པའི་བྱ་བ་གཞན་ལ་ལན་མེད་དུ་ཤོར་བ་དང་། ཕན་གདགས་པའི་དགེ་བ་ལ་འགྱོད་པས་རང་གི་དགེ་བ་རྨེག་མེད་དུ་བྱས་པ་དེས་ལྷུང་ས་གཅིག་ལ་བརྡབ་ས་གཉིས་ཟེར་བའི་དཔེ་དེ་ཤིན་ཏུ་འགྲེལ་བབ་ཆགས་འདུག་པར་སྙམ་མོ། དེ་དག་ནི་རང་གིས་སེམས་ལ་དྲན་པའི་རི་མོ་རིས་སུ་ཕབས་པ་ལས་གང་བྲིས་པའི་རི་མོ་ཕྱེད་ཀ་དེ་ང་ཡིན་པ་ལས་ཕྱེད་གཞན་ལ་ཕན་བཏགས་ནས། ཕན་བདེ་ནམ་མཁའ་གང་བར་སྨོན་ལམ་བརྒྱབ་མཁན་དང་། ལས་ལན་ཐམས་ཅད་གཅིག་ལ་བདའ་མཁན་དེ་ང་མིན། ཡིན་ན་ཡང་བཟང་པོ་ལས་གྱི་འཕྲོ་ཡོད་ན་དེ་ལ་ནན་གྱིས་མཐུད་པའི་རེ་བ་བྱེད་དགོས། དེ་ནི་བཟང་ས་བརྒྱབ་པ་དེ་ཡིན། གཞན་ལ་ཕན་གདགས་སྐབས་ཕན་ལན་མ་རག་ན་མ་འགྱོད་པ་ཞིག་ཨེ་ཐུབ་ལྟ་དགོས། དེ་ནི་གྲ་སྒྲིག་སྡུག་ས་ནས་བྱེད་གསུང་པ་དེ་ཡིན། སེམས་ལ་གང་ཤར་ཚོགས་མི་ཞིག་ནས་བྲིས། ཧ་ཧ་ཧ་ཧ་ཧ་ དང་པོ་འདི་འདྲ་བ་རེ་བྲིས་ན། གོམ་པ་དང་པོ། གཉིས་པ་རེ་ཀློག་ན། གསུམ་པ་དེའི་སྐོར་ལ་སྐད་ཆ་རེ་བཤད་ན། བཞི་པ་དེ་ཡི་སྐོར་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སངས་རྒྱས། ཧ་ཧ་ཧ་ཧ་ཧ

Share this:
༡༩༣ ཀློག་གྲངས།