བོད་བརྒྱུད་ནང་བསྟན་དར་སྤེལ་སྐོར་གྱི་བགྲོ་གླེང་ཚོགས་འདུ།

thewan1ཕྱི་ཟླ་ ༣ ཚེས་ ༡༥ ཉིན། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་སྐད་གྲགས་ཅན་གྱི་ཡ་ཀྲུ་ལི་ཀྲི་མགྲོན་ཁང་ཆེན་མོའི་ཚོགས་ཁང་དུ།  ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག རིས་མེད་ཆོས་བརྒྱུད་ཁག་གི་མཁན་སྤྲུལ་དགེ་བཤེས་བཞི་བཅུར་ཉེ་བ་མཉམ་ཞུགས་གནང་བའི་བོད་བརྒྱུད་ནང་བསྟན་ཇི་ལྟར་དར་སྤེལ་བྱེད་སྐོར་གྱི་བགྲོ་གླེང་འཚོགས་ཡོད་པ་རེད།

དེ་ཡང་ཞིབ་འཇུག་ཚོགས་པ་རང་གི་རྐང་འཛིན་དབུ་འཛིན་ལས་ཐོག་པ་ཀཿཐོག་རིག་འཛིན་ཆེན་པོ་དང་། མཁན་པོ་ཚུལ་རྣམ། སྤྲུལ་སྐུ་ཐུབ་བསྟན་ནོར་བུ། མཁན་པོ་ཆོས་ཉིད་དོན་རྟོགས། མཁན་པོ་ཚེ་རིང་བཀྲ་ཤིས་བཅས་དང་། བོད་གཞུང་ཐའེ་ཝན་དོན་གཅོད་ཆོས་དགེ་དགེ་བཤེས་འཇམ་དཔལ་ཆོས་འཛིན་དང་། ལྷ་རམས་པ་ཆོས་ཀྱི་དབང་པོ་སོགས་དགེ་ལུགས་ཀྱི་དགེ་བཤེས་དང་སྤྲུལ་སྐུ། ཤེས་རབ་གླིང་གི་མཁན་པོ་གཡུལ་རྒྱལ་དང་བཀའ་བརྒྱུད་ཀྱི་མཁན་སྤྲུལ་དང་སློབ་དཔོན། ཐའེ་ཝན་གྱི་དཔལ་ཡུལ་རྣམ་གྲོལ་གླིང་ཆོས་ཚོགས་ཀྱི་དབུ་འཛིན་མཁན་པོ་དངོས་གྲུབ་དང་། ཨ་རིག་མཁན་པོ་ཉི་མ་སོགས་རྙིང་མ་ཕྱོགས་ཀྱི་མཁན་པོ་དང་སྤྲུལ་སྐུ། ཐའེ་ཝན་རྫོང་སར་ཆོས་ཀྱི་འབྱུང་གནས་ཆོས་ཚོགས་ཀྱི་སློབ་དཔོན་མཁན་པོ་ཚེ་རིང་དང་། ས་སྐྱའི་༸གོང་མ་བདག་ཆེན་རིན་པོ་ཆེའི་ཆོས་ཚོགས་ཀྱི་བཀྲ་ཤིས་རིན་པོ་ཆེ་སོགས་ས་སྐྱའི་ཕྱོགས་ཀྱི་མཁན་པོ་དང་སློབ་དཔོན་བཅས་མཉམ་ཞུགས་གནང་བའི་ཐོག་ནས་གཏམ་བཤད་དང་བགྲོ་གླེང་གནང་ཡོད།

thewan2དེ་ཡང་སྔ་དྲོ་ཆོས་བརྒྱུད་ཁག་རེ་རེའི་མཁན་སྤྲུལ་དགེ་བཤེས་སློབ་དཔོན་བཅས་གང་རུང་གཉིས་རེས་ཆུ་ཚོད་སྐར་མ་ཉི་ཤུ་ལས་མི་མང་བའི་ནང་རྩ་བའི་བརྗོད་གཞི་གཉིས་ཀྱི་ཐོག་ལ་གསུང་བཤད་གནང་བའི་ལས་རིམ་ཁྲོད། ཐོག་མར་ཚོགས་འདུའི་གོ་སྒྲིག་འགན་འཛིན་པ་དབང་སྟོད་སྤྲུལ་སྐུ་ཐུབ་བསྟན་ནོར་བུས་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་དང་། བྱང་འདྲེན་པས་དཀོན་མཆོག་རྗེས་དྲན་གྱི་མདོ་གསུངས་གྲུབ་རྗེས། ཆོས་བརྒྱུད་ལོ་རྒྱུས་ཀྱི་བྱུང་རིམ་ལྟར། ཐོག་མར་མཁན་པོ་ཚེ་རིང་བཀྲ་ཤིས་ནས་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་བྱུང་བ་དང་ལྟ་སྒོམ་གྱི་སྐོར་གྱི་གཏམ་བཤད་དང་། རྫོང་སར་མཁན་པོ་ཚེ་རིང་མཆོག་ནས་དཔལ་ལྡན་ས་སྐྱའི་མདོ་ཕྱོགས་ཀྱི་ལྟ་གྲུབ་དང་འབྲེལ་བའི་གསུང་བཤད། མཁན་པོ་ཚུལ་རྣམ་མཆོག་ནས་བཀའ་བརྒྱུད་ཀྱི་བྱུང་བ་ལོ་རྒྱུས་དང་ལྟ་སྒོམ་མན་ངག་དང་འབྲེལ་བའི་གསུང་བཤད། དགེ་བཤེས་ཕྲིན་ལས་རྒྱ་མཚོ་མཆོག་ནས་ཆེ་བ་བཞི་ལྡན་ལས་བརྩམས་པའི་རྗེ་རིན་པོ་ཆེའི་རྣམ་ཐར་དང་སྦྲེལ་ཏེ་དགེ་ཕྱོགས་ཀྱི་ལྟ་གྲུབ་ཀྱི་ཐད་ལ་གསུང་བཤད། ཀཿཐོག་རིག་འཛིན་ཆེན་པོས་རྒྱལ་བ་ཇོ་ནང་བའི་བྱུང་བ་ལོ་རྒྱུས་དང་ལྟ་གྲུབ་མན་ངག་གི་གནད་བཅས་དང་འབྲེལ་བའི་གཏམ་བཤད་བཅས་ཚར་རྗེས། ཚོགས་འདུའི་གཙོ་སྐྱོང་བ་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་མཆོག་ནས་གསུང་བཤད་ཁག་ལ་འོས་འཚམས་ཀྱི་དབྱེ་ཞིབ་སྙན་གསན་ཞུས་ཤིང་། དེ་ནས་ཉིན་གུང་གསོལ་ཚིགས་གྲུབ་པ་དང་། འཚོགས་ཐེངས་ཕྱི་མ་གཉིས་ལ་བགྲོ་གླེང་རང་གི་ངོ་བོའི་ཐོག་ནས་དུས་ཚོད་རྒྱས་བཅད་ནང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པར་གནང་བའི་ཕྱག་ཡིག་གི་ཁྲོད་དུ་བཏོན་ནང་བའི་གཞེན་སྐུལ་དོན་ཚན་བཞི་ཅན་གྱི་སྟེང་ནས་བགྲོ་གླེང་གནང་ཡོད།

གྲོས་གཞི་བཞི་ནི།

༼ ༡ ༽ བསྟན་པའི་སྲི་ཞུ་དངོས་ནི་མཐའ་འཁོབ་ཏུ་ཆོས་སྤེལ་བ་འདི་ཁོ་ན་ཡིན་ཕྱིར་རང་ཅག་གིས་ཡུལ་གཞན་དུ་ཆོས་སྤེལ་སྐབས་ས་ཆ་དེ་ག་ནས་དབང་བསྐུར་བ་སོགས་ཀྱིས་ནོར་བསྒྲུབས་ནས་ཕ་ཡུལ་ལམ་གནས་གཞན་དུ་ཁྱེར་ཏེ་དཀོན་མཆོག་ལ་མཆོད་འབུལ་སོགས་བྱེད་པ་ལས་ས་ཆ་དེ་གའི་མི་རྣམས་ལ་ཐོས་བསམ་བསྒོམ་གསུམ་བྱེད་ཚུལ་གྱི་བསླབ་སྟོན་གནང་བ་ཇི་ལྟར་གཙིགས་སུ་འཛིན་རྒྱུ།

༼ ༢ ༽ དམ་པའི་ཆོས་སྤེལ་བའི་སྙིང་གནད་ནི་ཆོས་ཀྱི་དོན་གོ་བརྡ་སྤྲོད་པ་འདི་རང་ཡིན་མོད་རང་ཅག་གིས་ཆོས་ཀྱི་མཛད་སྒོའི་ཐད་ལ་དབང་བསྐུར་བ་དང་སྦྱིན་སྲེག་དང་ཚོགས་འཁོར་དང་རིམ་གྲོ་སོགས་གཙོ་བོ་བྱེད་པ་ལས་འཆད་ཉན་ལ་གཙོ་བོར་མཛད་པ་ཤིན་ཏུ་ཉུང་བ་མངོན་གསལ་ཡིན་པས་དེའི་ཐད་ལ་བསྒྱུར་བཅོས་ཇི་ལྟར་བྱེད་རྒྱུ།

༼ ༣ ༽ ས་གནས་དེ་གའི་སྤྱི་ཕན་གྱི་བྱ་བའི་ནང་དུ་ཞུགས་པ་ནི་སྤྱིར་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་གྱི་ཆ་ཤས་ཤིག་ཡིན་ཞིང་། ཁྱད་པར་དུ་དུས་རབས་འདིར་གལ་ཆེ་བའི་བྱ་བ་ཞིག་ཡིན་ན་ཡང་རང་ཅག་གིས་དེ་གཙིགས་སུ་བཟུང་མི་འདུག་པས་ཞན་ཆ་དང་མ་འདང་བའི་ཆ་དེ་རྣམས་ཇི་ལྟར་ཁ་སྐོང་རྒྱུ།

༼ ༤ ༽ ཤ་བཟའ་བ་སོགས་ཡུལ་དེའི་མི་རྣམས་ཀྱིས་ཆེས་སྐྱོན་ཅན་དུ་བརྩི་བའི་བྱ་བ་འགའ་རེ་ལ་འཛེམ་མ་ནུས་པ་སོགས་ཀྱི་དབང་གིས་འགྲོ་དོན་དང་འཕྲིན་ལས་ལ་བར་ཆད་དམ་བཀག་འགོག་མང་པོ་བྱུང་དང་འབྱུང་བཞིན་པར་ཇི་ལྟར་ཡོ་བཅོས་བྱེད་རྒྱུ་བཅས་ཡིན། །

ཕྱི་དྲོའི་རང་དབང་བགྲོ་གླེང་གི་ནང་དུ་མཁན་སྤྲུལ་དགེ་བཤེས་ཚང་མས་བགྲོ་གླེང་གི་ཆ་ཤས་བཞེས་ཞིང་ཞིབ་ཚགས་པོས་གནད་དོན་སྤྱི་དང་བྱེ་བྲག་གི་ཐོག་ལ་གསུང་བཤད་རབ་དང་རིམ་པ་གནང་བ་དང་། ཁྱད་པར་ཆོས་རྔ་རི་བོའི་དགོན་པའི་སློབ་ཆེན་དུ་དགེ་རྒན་གནང་བཞིན་པའི་ལོ་ཙཱ་བ་བསོད་ནམས་དབང་རྒྱལ་ལགས་ཀྱིས་འབྱུང་འགྱུར་བོད་ཀྱི་ཆོས་ལུགས་ཀྱི་བཤད་གྲྭ་ཁག་ལས་ཐོན་པའི་དཔང་འཁྱེར་ཁག་རྒྱལ་སྤྱིའི་གཙུག་ལག་སློབ་གྲྭ་ཁག་གིས་ངོས་ལེན་ཡོང་ཐབས་དང་། དེ་བརྒྱུད་ནས་ང་ཚོས་ཚད་ལྡན་གྱི་སྡིང་ཆ་སྤྱད་ནས་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་བྱེད་པའི་ཁ་ཕྱོགས་གསར་པ་ཇི་ལྟར་འཚོལ་བ་འཚོལ་རྒྱུ་དང་། དེའི་ཆེད་གོམ་པ་གསར་པ་སྤོ་སྟངས་སོགས་ལ་ཁོང་རང་ཉིད་ཀྱི་ཞིབ་འཇུག་དང་ཉམས་ཞིབ་ཀྱི་ཉམས་མྱོང་དང་སྦྱར་བའི་བསམ་ཚུལ་གལ་ཆེན་བཏོན།

མཐར་ཐེངས་འདིའི་ཚོགས་འདུའི་གོ་སྒྲིག་ཚོགས་གཙོ་བླ་རུང་ཐེག་གསུམ་ཆོས་གླིང་གི་དབུ་འཛིན་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་མཆོག་གནས་ཚོགས་འདུའི་མཇུག་སྡོམ་གྱི་གཏམ་བཤད་གནང་རྗེས་ཉིན་འདིའི་བགྲོ་གླེང་ཚོགས་འདུ་མཇུག་གྲོལ།

དུས་མཚུངས། ཚོགས་ཐོག་འདིར། མཁན་པོ་ཚུལ་རྣམ་རིན་པོ་ཆེ་ནས་ཁོང་གིས་གཙོ་འགན་བཞེས་ནས་གོ་སྒྲིག་གནང་བཞིན་པའི་ཕྱི་ཟླ་གསུམ་པའི་ཚེས་༣༠ ནས་ཉིན་གཉིས་རིང་གི་རྒྱལ་སྤྱིའི་ནང་པའི་ཚོགས་འདུའི་སྐོར་དང་འབྲེལ་བའི་གཏིང་ནོན་གསལ་བསྒྲགས་ཀྱི་གསུང་བཤད་དང་། མཁན་པོ་ཆོས་ཉིད་དོན་རྟོགས་ཀྱིས་ཕྱི་ཟླ་ལྔ་པར་དབུ་འབྱེད་གནང་གཏན་ཁེལ་བའི་ཐའེ་ཝན་བོད་བརྒྱུད་དྲ་བརྙན་གྱི་མིག་སྔའི་ལས་རིམ་དང་དབུ་འབྱེད་གནང་ཕྱོགས། ནང་དོན་འཚོལ་སྡུད་སོགས་ཀྱི་སྐོར་ལ་སྙན་གསེང་ཞུས་གནང་ཡོད།
དེ་ཡང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནི་ཕྱི་ལོ་ ༢༠༠༩ ལོར་ཐའེ་ཝན་དུ་ས་སྐྱ་བདག་ཆེན་རིན་པོ་ཆེས་དབུ་འབྱེད་བཀའ་དྲིན་ཆེ་བའི་ཐོག་ནས་དབུ་བརྙེས་ཤིང་། གཞུང་འབྲེལ་ཚད་ལྡན་དེབ་སྐྱེལ་བྱས་པའི་ཁྲིམས་མཐུན་ཚོགས་པ་ཞིག་དང་། བོད་བརྒྱུད་བསྟན་ལ་ཞབས་འདེགས་ཞུ་བའི་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚོགས་པ་ཞིག་ཡིན། ད་ལྟའི་ཆར། མཁན་པོ་ཚུལ་རྣམ་དང་། ཀཿ་ཐོག་རིག་འཛིན་ཆེན་མོ། སྤྲུལ་ཐུབ་བསྟན་ནོར་བུ། མཁན་པོ་ཆོས་ཉིད་དོན་རྟོགས། མཁན་པོ་ཚེ་རིང་བཀྲ་ཤིས་བཅས་ཀྱིས་གཙོ་འགན་འཁུར་བཞིན་པ་དང་། ཚོགས་གཙོ་དང་དྲུང་ཆེ་རྩིས་གཉེར་སོགས་ཐའེ་ཝན་གྱི་དད་སློབ་ཚོགས་མི་དག་གི་ནང་ནས་འདེམས་བཞིན་ཡོད། ཚོགས་པ་འདིར་་ཁྲིམས་ཐོག་ནས་རྒྱལ་ཡོངས་རང་བཞིན་གྱི་ཚོགས་པའི་ངོས་འཛིན་ཐོབ་ཡོད།
ད་བར་སྐད་སྒྱུར་དང་ཚིག་མཛོད་སྐོར་གྱི་ཉམས་ཞིབ་ཚོགས་འདུ་ཐེངས་གཉིས་དང་དེ་མིན་ཞིབ་འཇུག་ཚོགས་འདུ། ཆོས་དང་འབྲེལ་བའི་སྤྱི་ཚོགས་ཞབས་ཞུའི་ལས་དོན། དེབ་དང་བརྙན་འཁོར་པར་སྐྲུན་སོགས་ཀྱི་ལས་དོན་གང་ལེགས་སྒྲུབ་བཞིན་ཡོད་པ་དང་མ་འོངས་པར་གོམ་གང་མདུན་སྤོས་ཀྱིས་སྔར་ལས་ལྷག་པའི་ནུས་པ་ཐོན་པའི་ལས་དོན་གང་མང་སྒྲུབ་རྒྱུའི་འཆར་གཞི་ཡོད། ཚོགས་པ་འདིར་སྐད་ཡིག་སུམ་ལྡན་གྱི་དྲ་རྒྱ་ http://www.buddhajnana.orgཡོད་པ་དང་ལོ་རེ་བཞིན་གྱི་ལོ་མཇུག་ཚོགས་མིའི་གྲོས་ཚོགས་དང་ལྟ་ཞིབ་པའི་ཚོགས་འདུ། དངོས་འབྲེལ་དགོས་བབ་ཀྱི་གནས་སྐབས་ཚོགས་འདུ་སོགས་ཀྱང་རིམ་བཞིན་ལག་ལེན་དུ་བསྟར་དང་བསྟར་བཞིན་ཡོད། ཞིབ་ཆ་དྲ་ཚིགས་སོགས་སུ་གཟིགས་རོགས།

རྫ་ཚེ་རིང་བཀྲ་ཤིས་ཀྱིས་གནས་ཚུལ་མཁོ་གཏོང་གནང་།

Share this:
༡༠༢ ཀློག་གྲངས།