བུད་མེད་ཅིག་གིས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག

ཕྱི་ཟླ་༣ ཚེས་ ༡༣ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༡༡ དང་ཕྱེད་ཀའི་སྟེང་། བོད་མདོ་སྨད་རྔ་པ་ཁུལ་མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་དུ། རང་ལོ་ ༣༠ ཡིན་པའི་བོད་རིཊ་བུད་མེད་དཀོན་མཆོག་དབང་མོས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་སྐབས་ཐོག་དེར་སྐུ་གྲོངས་ཡོད་འདུག

ཁོང་མོས་རང་ལུས་མེར་སྲེག་བཏང་མ་ཐག་མཛོད་དགེ་རྫོང་ས་གནས་ཉེན་རྟོག་པ་མང་པོ་ཞིག་འབྱོར་ཏེ་སྐུ་ཕུང་བཙན་ཁྱེར་བྱས་ཡོད་འདུག་ལ། ཉིན་དེའི་ཕྱི་དྲོ་ཙམ་ལ་ཉེན་རྟོག་པས་ཁོང་མོའི་བཟའ་ཟླ་སྒྲོལ་མ་སྐྱབས་ལ་རུས་ཐལ་ཞིག་ཕྱིར་སྤྲོད་བྱས་ཡོད་ཀྱང་། སྐབས་དེར་ཉེན་རྟོག་པས་སྒྲོལ་མ་སྐྱབས་ལ་ཆུང་མ་དཀོན་མཆོག་དབང་མོས་རང་སྲེག་བྱེད་དོན་བཟའ་ཚང་ནང་ཁུལ་གྱི་རྙོག་དྲ་ཡིན་པའི་ཁས་ལེན་བྱ་དགོས་པའི་བཙན་བཀའ་བཏང་བར། སྒྲོལ་བ་སྐྱབས་ཀྱིས་ངོས་ལེན་རྩ་བ་ནས་མ་བྱས་སྟབས་ཁོང་ཡང་སྐབས་ཐོག་དེར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

དཀོན་མཆོག་དབང་མོ་ནི་ཕ་ཡུལ་རྔ་པ་ཁུལ་མཛོད་དགེ་རྫོང་སྟག་ཚ་མཐའ་བ་ནས་ཡིན་ཞིང་། ཁོང་མོར་ད་ཆར་ཤུལ་དུ་རང་ལོ་ ༨ ཙམ་གྱི་བུ་མོ་ཞིག་དང་རང་ལོ་ ༣༡ ཡིན་པའི་བཟའ་ཟླ་སྒྲོལ་མ་སྐྱབས་གཉིས་ཡོད་འདུག་ལ། སྒྲོལ་མ་སྐྱབས་ཀྱི་སྐྱེས་ཡུལ་མཛོད་དགེ་བྱམས་མེ་ཕྱུགས་རྭ་སྡེ་བ་ནས་ཡིན་འདུག

དེ་རིང་གསར་འགོད་པས་ལེགས་བཤད་ལགས་སུ་ད་ཆར་མཛོད་དགེ་རྫོང་གི་གནས་སྟངས་གང་འདྲ་ཆཊ་ཡོད་མེད་སྐོར་དྲིས་པར། རྒྱ་གཞུང་གིས་གསུམ་བཅུའི་དུས་དྲན་སྔ་ནུབ་ཏུ་མཛོད་དགེ་རྫོང་གི་དགོན་སྡེ་ཁག་གཙོས་པའི་རྫོང་ཡོངས་ལ་དམ་དྲག་ཆེན་པོ་བྱས་ཡོད་ཅིང་། ལྷག་པར་དུ་རང་ལུས་མེར་སྲེག་གི་དོན་རྐྱེན་དེ་བྱུང་རྗེས་མཛོད་དགེ་རྫོང་དུ་དམག་མི་སྔར་ལས་འབོར་ཆེན་འགྲེམས་འཇོག་གིས་དམ་དྲག་བྱས་པའི་རྐྱེན་གྱིས། ཞིབ་ཕྲའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཡོང་བར་འགོག་རྐྱེན་འཕྲད་ཀྱི་ཡོད་སྐོར་འབྲེལ་ཡོད་ཀྱིས་བརྒྱུད་ལམ་ལ་བརྗོད་འདུག །

Share this:
༧༣ ཀློག་གྲངས།