དྷ་སར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ།

dhasa_2013_3_20ཟླ་འདིའི་ཚེས་༢༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༣།༣༠ ཐོག་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་ཆེད། སྔགས་འཆང་འོད་ཟེར་རྡོ་རྗེ་རིན་པོ་ཆེ་དབུ་བཞུགས་ཐོག་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོགས་ཡོད་པ་རེད།

མཆོད་འབུལ་སྨོན་ལམ་དེ་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་གནང་ཡོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་རྣམ་པ་དང་། སྲིད་སྐྱོང་བློ་བཟང་སེང་གེས་དབུས་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྣམ་པ་དང་། སྲི་ཞུ་ལས་བྱེད་རྣམས་དང་། ས་གནས་ཀྱི་སེར་སྐྱ་མི་མང་མཉམ་ཞུགས་བྱས་ཡོད་རེད།

dhasa1_2013_3_20ཟླ་༣ ཚེས་༡༣ ཉིན་བོད་མདོ་སྨད་རྔ་པ་ཁུལ་མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་དུ། རང་ལོ་༣༠ ཡིན་པའི་བོད་རིཊ་བུད་མེད་དཀོན་མཆོག་དབང་མོས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་པ་དང་། ཟླ་༣ ཚེས་༡༦ ཉིན་ རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐོགས་མེད་ལག་ཀྱི་རང་ལུས་མེར་སྲེག་ཀྱི་འདས་གྲོངས་རྣམ་པ་གཉིས་གཙོས། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ། མྱ་ངན་གུས་འདུད་དང་དེ་དག་གི་ནང་མི་སྤུན་ཟླ་ཚོར། གདུང་སེམས་མཉམ་བསྐྱེད་ཀྱི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་དེ་འཚོགས་ཡོད་པ་རེད།

ཚོགས་ཐོག་དེར་སྲིད་སྐྱོང་བློ་བཟང་སེང་གེས་གསུངས་བཤད་གནང་སྐབས། བློ་ཕམ་པ་ཞིག་ལ་ཉིན་ཤས་ནང་ལ་རང་ལུས་མེར་སྲེག་གནང་མཁན་གཉིས་བྱུང་འདུག ཁོང་རྣམ་པ་གཉིས་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་ཡོད་པ་རེད། དེའི་སྐོར་ལ་རྒྱ་གཞུང་གི་མ་བདེན་རྫུན་སྒྲིག་གིས་ཧོང་ཀོང་ཚགས་པར་ཞིག་ནང་། དཀོན་མཆོག་དབང་མོ་ཁྱོ་ག་དང་ནང་འཛིང་ཤོར་ནས་མེར་སྲེག་བཏང་ཡིན་སྐོར་འཁོད་ཡོད་སྐོར་དང་། དེ་བཞིན་བོད་མི་ཚོར་བདེན་པ་ཡོད་པ་དེ་རྒྱལ་སྤྱིའི་སྒང་གསལ་པོ་ཆགས་ཀྱིན་ཡོད་སྐོར་དང་། ད་ལྟའི་བར་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་༡༠༩ བྱུང་ཡོད་སྐོར་དང་། དེའི་ནང་༢༠༠༩ ལོ་ལ་གཅིག  ༢༠༡༡ ལོ་ལ་བཅུ་གཉིས། ༢༠༡༢ ལོ་ལ་༨༣། ༢༠༡༣ ལོ་ལ་༡༣ བཅས་དང་། དེའི་ནང་འདས་གྲོངས་སུ་ཕྱིན་པ་༩༡ བྱུང་བ་སོགས་མི་མང་ལ་ངོ་སྤྲོད་གནང་སོང་།།

Share this:
༥༨ ཀློག་གྲངས།