རྒྱལ་ཁབ་ལྔའི་ལྷན་ཚོགས་སྐབས་བོད་དོན་གླེང་སློང་དགོས།

tsoba_nga_2013_3_25ཕྱི་ཟླ་༣ ཚེས་༢༥ ཉིན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་ གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། BRICS ཞེས་པའི་རྒྱལ་ཁབ་ལྔའི་ལྷན་ཚོགས་སྐབས་བོད་ཀྱི་གནད་དོན་གླེང་སློང་དགོས་པའི་འབོད་སྐུལ་བྱས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༥ ཉིན་གྱི་ཆུ་ཚོད་༢ པའི་སྟེང་གསར་འགོད་ལྷན་ཚོགས་དེ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཁང་དུ་བསྐོངས་པ་དང་། BRICS ཞེས་པའི་ཚོང་ལས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔའི་ལྷན་ཚོགས་སྐབས་བོད་ཀྱི་གནད་དོན་གླེང་སློང་དགོས་པའི་འབོད་སྐུལ་བྱས་སོང་། སྐབས་དེར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མས་བོད་སྐད་ཐོག་གསར་འགོད་གསལ་བསྒྲགས་གནང་དོན། ཞི་ཅིང་ཕིན་རྒྱ་གཞུང་གི་དབུ་ཁྲིད་དུ་ལངས་པ་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཤུགས་ཆེ་རུ་སོང་བ་རེད། ཚོགས་འདུ་དེ་ང་ཚོས་གལ་ཆེན་པོ་ཞིག་ལ་ངོས་འཛིན་གྱི་ཡོད། གང་ཡིན་ཟེར་ན། ཞི་ཅིང་ཕིན་རྒྱ་གཞུང་གི་དབུ་ཁྲིད་ལ་ལངས་ནས་གཞུང་འབྲེལ་ཐོག་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་དང་མཉམ་དུ་མཇལ་འཕྲད་ཀྱིས་ཚོགས་འདུ་འཚོག་པ་ཐེངས་དང་པོ་དེ་ཆགས་ཡོད་རེད། རྒྱ་གཞུང་གིས་བོད་ཐོག་བཟུང་བའི་དྲག་གནོན་སྲིོད་ཇུས་ལ་བརྟེན་བོད་མིའི་རང་ལུས་མེར་སྲེག་གི་གནས་ཚུལ་བར་མ་ཆད་པར་ཡོང་གི་ཡོད་པའི་གནས་སྟངས་དང་། བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་མེད་སྐོར་གླེང་སློང་དགོས་སྐོར་དང། དེ་བཞིན་རྒྱལ་ཁབ་དེ་དག་འཛམ་གླིང་གི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔ་ཡིན་པར་བརྟེན། འཛམ་གླིང་གི་རྒྱལ་ཁབ་ཚང་མའི་འགན་ཁུར་ཏེ་འགྲོ་བ་མིིའི་རིགས་ཚང་མའི་བདེ་སྡུག་གི་ཐོག་གླེང་སློང་དགོས་སྐོར་སོགས་ཀྱི་འབོད་སྐུལ་བྱས་སོང་།

tsoba_nga1_2013_3_25ཐེངས་འདིའི་རྒྱལ་ཁབ་ལྔའི་ལྷན་ཚོགས་སྐབས་རཱ་ཤཱི་ཡའི་ནང་གི་བོད་སྐྱོབ་ཐེབས་རྩ་ཚོགས་པ་(Save Tibet Foundation, Russia) དང་།བྷ་ར་ཛེལ་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་(Tibet Culture Brazil)། ལྷོ་ཨ་ཧྥི་རི་ཀའི་བོད་རིགས་མཐུན་ཚོགས་(Tibet Society South Africa)། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས། སོ་སོའི་སྲིད་འཛིན་དང་སྲིད་བློན་ལ་ལྷན་ཚོགས་འདིའི་སྟེང་བོད་དོན་གླེང་སློང་དགོས་པའི་ཞུ་ཡིག་ཕུལ་ཡོད་འདུག་ལ་དེ་བཞིན་འབྲེལ་ཡོད་གཞུང་ཚབ་ཁག་ལ་ཡང་ཞུ་ཡིག་ཕུལ་ཡོད་འདུག

རྒྱལ་ཁབ་ལྔའི་ལྷན་ཚོགས་ལ་ཉེ་བའི་སྐབས་སུ་རྒྱ་གར་གྲོས་ཚོགས་འཐུས་མི་(Shri Rajeev Chandrasekhar) ཡིས་ཟླ་འདིའི་ཚེས་༡༤ ཉིན་འཁོད་པའི་ཞུ་ཡིག་ཅིག་སྲིད་བློན་མན་མོན་ཧན་སེན་ལ་ཕུལ་ཏེ། ཐེངས་འདིའི་རྒྱལ་ཁབ་ལྔའི་ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་ལ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་གླེང་སློང་བྱ་དགོས་པའི་འབོད་སྐུལ་གནང་ཡོད་འདུག

གསར་འགོད་གསལ་བསྒྲགས་སྐབས་རྒྱལ་ཁབ་ལྔའི་མགོ་ཁྲིད་ཚོས་བོད་ཐོག་བཟུང་བའི་རྣམ་འགྱུར་མཚོན་པའི་འཁྲབ་སྟོན་ཞིག་ཀྱང་འཁྲབ་སོང་ལ། སྐབས་དེར་དབུ་ཁྲིད་ཚོའི་བོད་ཐོག་འཛིན་པའི་ལྟ་ཚུལ་མི་མཐུན་པ་བྱུང་བར་བརྟེན་ཞི་ཅིང་ཕིན་ཚོགས་ཐོག་ནས་ལངས་ཏེ་འགྲོ་དགོས་བྱུང་བའི་རྣམ་པ་ཡང་འཁྲབ་སོང་།

ཐེངས་འདིའི་རྒྱལ་ཁབ་ལྔའི་ཚོགས་འདུ་དེ་ཟླ་འདིའི་ཕྱི་ཚེས་༢༦ ནས་༢༧ བར་ཉིན་གཉིས་ཀྱི་རིང་ལྷོ་ཨ་ཧྥི་རི་ཀའི་རྒྱལ་ས་ཌུར་བྷན་ནང་འཚོག་རྒྱུ་ཡིན་པ་རེད།

http://www.youtube.com/watch?v=WIyrLZPNtK0

Share this:
༤༡ ཀློག་གྲངས།