ཀླུ་ཆུ་རྫོང་རྨོག་རི་དགོན་པའི་གྲྭ་པ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ།

konchok_tenzin_04ཕྱི་ལོ་༢༠༡༣ ཟླ་༣ ཚེས་༢༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༧ པ་ཙམ་ལ་བོད་མདོ་སྨད་ཀླུ་ཆུ་རྫོང་རྨོག་རི་དགོན་པའི་གྲྭ་དཀོན་མཆོག་བསྟན་འཛིན་གྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། སྐུ་གྲོངས་ཡོད་འདུག

དེ་ཡང་དྷ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༡༣ ཟླ་༣ ཚེས་༢༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༧ པ་ཙམ་ལ་བོད་མདོ་སྨད་ཀླུ་ཆུ་རྫོང་རྨོག་རི་དགོན་པའི་གྲྭ་དཀོན་མཆོག་བསྟན་འཛིན། རང་ལོ་༢༨ ཡིན་པ་ཁོང་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་ཆེད་རྨོག་རི་དགོན་པའི་ཉེ་འདབས་ཀྱི་(འདན་ལུང་མདོ་)སུམ་མདོའི་ལམ་ཆེན་ནས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་དང་། དེ་རྗེས་ཁོང་གི་སྐུ་ཕུང་ཡར་དགོན་ནང་དུ་གདན་འདྲེན་བྱས་ཡོད་ཀྱང་རྒྱ་གཞུང་གིས་བཙན་ཕྲོག་བྱེད་པར་དོགས་ནས་མཚན་མོ་དེ་རང་ལ་ཞུགས་འབུལ་བྱས་ཡོད་འདུག

konchok_tenzin_03གནས་ཚུལ་དེ་བྱུང་རྗེས་རྨོག་རི་དགོན་པ་དང་ཉེ་འདབས་ཀྱི་གྲོང་པ་ཁག་ཚང་མར་ཉེན་རྟོག་པ་མང་པོ་འགྲེམས་འཇོག་གིས་དམ་བསྒྲགས་ནན་མོ་བྱས་ཡོད་འདུག འདི་ནི་ཀླུ་ཆུ་རྫོང་ཁོངས་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་དྲུག་པ་དེ་ཡིན་ཞིང་། རྒྱལ་གཅེས་དཔའ་བོ་ཚང་མ་སྐུ་གྲོངས་ཚར་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཁོང་ནི་ཀླུ་ཆུ་རྫོང་ཟམ་ཚ་ཡུལ་ཚོའི་རྨོག་རི་སྡེ་བའི་ཕ་ལྷ་ཁོ་དང་། མ་ལྷ་མོ་འཚོ་གཉིས་ཀྱི་བུ་ཡིན་ཞིང་། ཁོང་ལ་ཕ་གཅིག་པའི་མིང་སྲིང་བདུན་ཡོད་པའི་ནང་གི་ཆུང་ཤོས་དེ་ཁོང་ཡིན་འདུག ཁོང་ཆུང་ཆུང་སྐབས་ནས་རྨོག་རི་དགོན་པར་ཆོས་ཞུགས་བྱས་ཏེ་དགོན་པའི་འཆར་ཅན་གྱི་ཆོ་ག་ཕྱག་ལེན་དང་། འདོན་པ་བློ་འཛིན་སོགས་ཀྱི་རིམ་པ་ཚང་མ་མཐར་ཕྱིན་ཏེ། དེང་སྐབས་ཐུན་མོང་བའི་རིག་གནས་ཁག་དང་། ནང་དོན་རིག་པ་སོགས་ལ་སློབ་སྦྱོང་གནང་མུས་ཡིན་འདུག

རྨོག་རི་དགོན་བསམ་འཕེལ་གླིང་(དགེ་ལྡན་བྱམས་འཕེལ་གླིང་)ནི་ཟམ་ཚ་གསེར་ཁྲི་འཇིགས་མེད་ནམ་མཁས་ཕྱི་ལོ་༡༧༨༠ ལོར་ཕྱག་བཏབ་མཛད་ཅིང་། རྒྱུད་སྟོད་གྲྭ་ཚང་གི་ཕྱག་ལེན་ངོས་གཙང་ཚུགས། ཕྱིས་སུ་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་ནས་ཁྲི་བ་དང་དགེ་རྒན་བསྐོ་གཏོང་གནང་སྲོལ་བྱུང་བ་ནས་ད་ལྟའི་བར་གནང་མུས་ཡིན་ཞིང་། དེང་སྐབས་ཀྱི་ཟམ་ཚ་གསེར་ཁྲི་འདི་བ་སྐུ་ཕྲེང་བདུན་པ་ཡིན་འདུག་ལ། ད་ལྟ་དགེ་འདུན་པ་༩༠ ལྷག་ཡོད་འདུག

Share this:
༡༦༤ ཀློག་གྲངས།