བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་བོད་མཁས་པའི་བགྲོ་གླེང་།

buring_tibet_2013_3_29སྒྲིག་འཛུགས་འདི་སྤྱི་པའི་སྒྲིག་འཛུགས་རེད། སྒྲིག་འཛུགས་དང་འཐབ་རྩོད་གནས་དགོས་ཀྱི་ཡོད་རེད། དེ་གཅེས་སྐྱོང་བྱེད་རྒྱུ་དེ་ཚང་མར་འགན་ཡོད་རེད་མ་གཏོགས་གངས་སྐྱིད་ལ་ཡོད་མཁན་ཚོ་གཅིག་པུའི་འགན་མ་རེད་བསམ་གྱི་ཡོད་ཅེས། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ཀྱིས་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༩ ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠ ཀྱི་སྟེང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་“རྒྱ་དམར་གྱི་མི་སྤྱོད་ལས་འདས་པའི་གདུག་རྩུབ་སྲིད་ཇུས་གལ་བསྟར་གྱིས། སྲེག་བཞིན་པའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་བོད་མཁས་པའི་བགྲོ་གླེང་ཚོགས་འདུ”་ཞེས་པ་ཞིག་དབུ་འཛུགས་གནང་སོང་ལ། མཛད་སྒོའི་ཐོག་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་དང་། ཀིརྟི་རིན་པོ་ཆེ། དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་ནས་ཕེབས་པའི་བོད་མི་རྩོམ་པ་པོ་དང་ཤེས་ཡོན་པ་གཏམ་བཤད་བྱེད་མཁན་མི་གྲངས་༡༢ དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་མི་གྲངས་༧༠ ལྷག་མཉམ་ཞུགས་གནང་འདུག

samphel_2013_3_29ཚོགས་འདི་དབུ་འཛུགས་སྐབས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་གྱིས་སྣེ་ལེན་གཏམ་བཤད་སྐབས། དེ་རིང་ང་ཚོ་འདིར་འཛོམས་དགོས་དོན་གཙོ་བོ་དེ་སྲིད་སྐྱོང་གིས་བཀའ་གནང་བ་ལྟར། མི་མང་ནང་བོད་ཀྱི་ཛ་དྲག་གི་གནས་སྟངས་གསལ་རྟོགས་ཡོང་ཆེད་དང་། བོད་ཀྱི་གནད་དོན་ལ་ཐུགས་ཁུར་དང་དོ་སྣང་གནང་མཁན་གྱི་བོད་ཀྱི་མཁས་པ་ཚོས་དགོངས་ཚུལ་དང་ལྟ་ཚུལ་ག་རེ་ཡོད་མེད་ང་ཚོས་ཤེས་པའི་ཆེད། ཉིན་གཉིས་ཀྱི་རིང་གི་ཚོགས་འདུ་དེ་བསྐོངས་པ་རེད། རྩ་བས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་དེ་བཀའ་ཤག་གི་འོག་ལ་ཡོད་རེད། ཡིན་ན་ཡང་ང་ཚོའི་རེ་བར་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་དེ་རྒྱལ་སྤྱིའི་ནང་ལ་ཡོད་པའི་བོད་ཀྱི་མཁས་པ་ཚོ་སྤྱིའི་སྡིངས་ཆ་ཞིག་བཟོ་རྒྱུའི་འབད་བརྩོན་གནང་རོགས། དེ་ལྟ་བུའི་སྡིངས་ཆ་ཞིག་བཟོ་རྒྱུའི་ལམ་ཁ་གསུམ་ཡོད་རེད། དེ་ཡང་དང་པོ་དེ་ང་ཚོས་ཚོགས་འདུ་བསྐོངས་ནས་བགྲོ་གླེང་བྱེད་རྒྱུ་དང་། གཉིས་པ་དེ་དུས་དེབ་ཅིག་འདོན་རྒྱུ། གསུམ་པ་དེ་བོད་རྒྱ་དབྱིན་གསུམ་གྱི་དྲ་རྒྱ་ཞིག་བཟོ་རྒྱུ་དེ་རེད། ལམ་ཁ་དེ་ཚོའི་ཐོག་ནས་བཀའ་ཤག་གི་བཀའ་དགོངས་ལྟར། རྒྱལ་སྤྱིིའི་ཤེས་ཚད་དང་ལྡན་པའི་ཐོག་ནས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་དེ་བསམ་བློའི་བང་མཛོད་ཅིག་བཟོ་རོགས་”ཞེས་འབོད་སྐུལ་དང་། དེ་བཞིན་ཁོང་གིས་ཐེངས་འདིའི་ཚོགས་འདུའི་ཐོག་ཚོགས་ཞུགས་པ་ཚོས་གཏམ་བཤད་ཆེད་བྲིས་པའི་རྩོམ་ཡིག་དེ་དག་གིས་དེབ་ཅིག་འདོན་འཆར་ཡོད་སྐོར་བརྗོད་བྱུང་།

ngodup_2013_3_29བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ཀྱིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། ཕྱི་ལོ་༡༩༤༩ ནས་མགོ་བརྩམས་ཏེ་རྒྱ་གཞུང་གིས་བོད་ལ་དྲག་གནོན་དང་བཙན་འཛུལ་བྱས་དང་། དེ་ནས་༡༩༥༩ ལོར་བོད་ས་ཡོངས་རྫོགས་ལ་བཙན་འཛུལ་བྱས་ཏེ་མཐར་རིག་གནས་གསར་བརྗེ་ཆེན་མོ་ཞེས་པའི་ལས་འགུལ་སྤེལ་བ་རེད། ཡིན་ན་ཡང་༡༩༤༩ ནས་མགོ་བརྩམས་ཏེ་བོད་རིགས་ཀྱི་འཐབ་རྩོད་དེ། རྣམ་པ་མི་འདྲ་བ་དང་། ས་ཁུལ་མི་འདྲ་བ། མི་རབས་མི་འདྲ་བ་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཡང་། རྩ་བས་འཐབ་རྩོད་ཀྱི་རྒྱུན་ཆད་པ་དེ་འདྲ་རྩ་བ་ནས་བྱུང་ཡོད་མ་རེད་བསམ་གྱི་ཡོད། ལོ་ངོ་༦༠ ལྷག་ཅིག་ཕྱིན་པའི་རྗེས་སུ་ད་དུང་ཡང་བོད་རྒྱ་ཆེའི་མི་མང་གི་བསམ་བློའི་རྨང་གཞི་དེ་མཁྲེགས་པོ་དང་བརྟན་པོར་གནས་ཡོད་རེད། དུས་ཚོད་དེ་དག་གི་ནང་རྒྱ་གཞུང་གིས་འཇམ་རྩུབ་འདྲ་མིན་གྱི་སྲིད་ཇུས་མང་པོ་ཞིག་སྤེལ་ཡོད་རེད། གོ་སྐབས་ལེན་མཁན་གྱིས་བླངས་ཡོད་རེད། ཡིན་ན་ཡང་བོད་རྒྱ་ཆེའི་མང་ཚོགས་ཀྱི་བསམ་བློ་དེ། སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་འདུ་ཤེས་དང་བྲལ་ཡོད་པ་མ་རེད། ལྷག་པར་དུ་གུང་ཁྲན་ཏང་ཡོན་ཟེར་བའི་བོད་རིགས་ལས་བྱེད་པ་ཚོའི་བསམ་བློའི་རྨིང་གཞི་དང་། ཏང་ཡོན་མ་ཡིན་པའི་རྒྱ་གཞུང་གི་ལས་ཁུངས་ཁག་གི་ནང་ལས་ཀ་བྱེད་མཁན་གྱི་བོད་རིགས་ཚོའི་བསམ་བློའི་རྨང་གཞིར་ཞིབ་ཚགས་པོའི་ཐོག་ནས་བལྟས་པ་ཡིན་ན། སྤྱི་ཚོགས་ཀྱི་གནས་བབས་ཀྱི་དབང་གིས་གནས་ཚུལ་གོ་བརྡ་འཕྲོད་མི་འཕྲོད་རེད་མ་གཏོགས། རྩ་བས་བསམ་བློའི་དམིགས་ཡུལ་དང་རེ་བ་གཅིག་པ་རེད་བསམ་གྱི་ཡོད་”ཅེས་དང་།

ཁོང་གིས་མུ་མཐུད་གསུངས་དོན། “དེ་སྔ་ཡིན་ན་ཡང་ལས་བྱེད་དང་མང་ཚོགས་བར་ལ་བསམ་བློའི་འགལ་བ་ཤུགས་ཆེན་པོ་རེད། ཡིན་ན་ཡང་བོད་མི་རིགས་ཀྱི་འདུ་ཤེས་མ་དོར་བར་གནས་བབ་དེ་འདྲ་ཞིག་གི་ཐོག་ནས། buring_tibet1_2013_3_29འཚེ་མེད་ཞི་བའི་ལམ་ནས་ངོ་རྒོལ་བར་མ་ཆད་པར་བྱས་པ་དེ་རླབས་ཆེན་ཞིག་དང་། འཛམ་གླིང་གི་འཐབ་རྩོད་པ་ཚོ་ཡིན་ན་ཡང་མིག་དཔེ་ལྟ་འོས་པ་ཞིག་རེད། དཔེར་ན། ༢༠༠༨ ལོར་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ནས་ཡར་ལངས་བྱས་དེ་ཛ་དྲག་གི་དུས་ཚོད་དེར། དྲག་པོའི་མཚོན་ཆ་སོགས་བེད་མ་སྤྱད་པར་༧གོང་ས་མཆོག་གི་དགོངས་གཞིའི་འོག་འཚེ་མེད་ཞི་བའི་ཐོག་ལ་ཤར་བསྐྱོད་བྱས་པ་དེ་གཟི་བརྗིད་ཅིག་རེད། དེ་ལྟ་བུའི་ས་བོན་ཞིག་བསྐྲུན་དགོས་ན་མི་རབས་མང་པོར་དཀའ་ལས་རྒྱག་དགོས་པ་ཞིག་རེད་མ་གཏོགས་ལས་སླ་པོས་ཡོང་བ་ཞིག་མ་རེད། དེར་བརྟེན་གནས་བབ་དེ་ཚོའི་རིགས་ང་ཚོས་གླེང་སློང་གཏིང་ཟབ་དང་། དེ་བཞིན་སོ་སོ་རང་ཉིད་ཀྱི་སྟོབས་ཤིག་དེ་ཚོ་ཤེས་དགོས་པ་གལ་ཆེན་པོ་རེད་”ཅེས་ད་རེས་ཚོགས་འདུ་དེའི་ཐོག་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག བོད་གཞུང་མང་གཉིས་ཀྱི་ཐོག་ནས་མ་འོངས་པར་ལས་དོན་ག་རེ་བྱེད་དགོས་ཀྱི་ཡོད་མེད་དང་། དེ་བཞིན་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ཞལ་ཆེམས་དེ་ཚོ་ཆུད་ཟོས་སུ་མི་འགྲོ་བའི་ལམ་སྟོན་སོགས་ཀྱི་ཐོག་བགྲོ་གླེང་གཏིང་ཟབ་བྱེད་དགོས་སྐོར་སོགས་གསུངས་སོང་།

ཡང་ཁོང་གིས་སྤྱི་ཚོགས་ནང་རྩོམ་ཡིག་སྤེལ་ཕྱོགས་དང་འབྲེལ་ནས་གསུངས་དོན། “རྩ་བས་ང་ཚོ་རང་དབང་ལུང་པར་ཡོད་ན་ཡང་ང་རང་ཚོ་མི་ཡི་ལུང་པར་བསྡད་ཡོད་རེད། གནས་སྟངས་དེ་ཤེས་པའི་ཐོག་ནས་འཐབ་རྩོད་བྱེད་དགོས་ཀྱི་ཡོད་རེད། དེང་སང་དྲ་རྒྱ་དང་བརྒྱུད་ལམ་ཁག་ཁ་ཤས་ཀྱི་ནང་མིང་འདོན་མི་དགོས་པར་རྩོམ་འབྲི་མཁན་མང་པོ་ཞིག་ཡོད་རེད། མིང་དངོས་སུ་བཏོན་མཁན་ཡང་ཡོད་རེད། སྐྱོན་འཛུགས་དང་དགེ་སྐྱོན་ཡོ་བསྲིང་གི་གནས་བབ་ག་རེ་ཡིན་ན་ཡང་ཞུ་ཆོག་པ་ཞིག་ཀྱང་རེད་ལ། དགའ་བསུ་ཞུ་རྒྱུ་ཡིན། གནས་སྟངས་རིགས་གཅིག་ལབ་ན་དགེ་སྐྱོན་ཡོད་མེད་བསམ་བློ་གཏོང་དགོས་པ་ཞིག་རེད། རྩོམ་ཡིག་འབྲི་མཁན་ཚོ་བོད་པ་ཡིན་པའི་ཆ་ནས་གང་བྲིས་པ་དེ་རྒྱ་གཞུང་གི་ལག་ཆར་མི་འགྲོ་བའི་མགན་དེ་ཡོད་རེད། དེ་ཚོའི་ཐོག་དགོངས་པ་བཞེས་དགོས་རེད་མ་གཏོགས་བརྒྱུད་ལམ་དང་གོ་སྐབས་ཡོད་ཚད་ལ། མ་འགྲིག་པ་དང་མ་འཐུས་པ་རྐྱང་རྐྱང་རྩ་བས་བཤད་ཆོག་གི་རེད་ད། ཡིན་ན་ཡང་བཤད་ན་དགེ་མཚན་ཆགས་ཀྱི་ཡོད་མེད་བལྟ་དགོས་རེད། རྩ་བས་གཞུང་གི་ལས་ཀ་འཐུས་ཤོར་ལ་འགྲོ་ཡི་ཡོད་ན་ཐེར་འདོན་བྱས་ན་དགའ་བསུ་ཡོད། སྒྲིག་འཛུགས་འདི་སྤྱི་པའི་སྒྲིག་འཛུགས་རེད། སྒྲིག་འཛུགས་དང་འཐབ་རྩོད་གནས་དགོས་ཀྱི་ཡོད་རེད། དེ་གཅེས་སྐྱོང་བྱེད་རྒྱུ་དེ་ཚང་མར་འགན་ཡོད་རེད་མ་གཏོགས་གངས་སྐྱིད་ལ་ཡོད་མཁན་ཚོ་གཅིག་པུའི་འགན་མ་རེད་བསམ་གྱི་ཡོད། དེར་བརྟེན་རྩོམ་འབྲི་མཁན་ཚོས་སྨྱུག་རྩེ་གཏད་ས་མ་ནོར་བར་གྱིས། དུས་ཚོད་འདིར་གངས་སྐྱིད་ལ་སྨྱུག་རྩེ་གཏད་ན་དགོས་པ་ཡོད་མེད་གཟིགས་རོགས་གནང་”ཞེས་དང་། མཐར་ཁོང་གིས་བོད་མི་ཚང་མ་རྡོག་རྩ་ཅིག་བསྒྲིལ་གྱིས་༧གོང་ས་མཆོག་གི་དགོངས་གཞིའི་ཐོག་ཤར་བསྐྱོད་བྱེད་དགོས་སྐོར་སོགས་གསུངས་སོང་།

kurti_2013_3_29དེ་རྗེས་ཀིརྟི་རིན་པོ་ཆེས་ཚོགས་འདུ་དང་འབྲེལ་བའི་དམིགས་བསལ་གསུང་བཤད་གནང་དོན། “བོད་ནང་གི་རང་ལུས་མེར་སྲེག་གིས་གཙོས་བོད་མིའི་འཚེ་མེད་ཞི་བའི་ཐབས་ལམ་འདི་༧གོང་ས་མཆོག་གི་བཀའ་སློབ་ལ་བརྟེན་ནས་བྱུང་བ་ཞིག་རེད་མ་གཏོགས། རྩ་བས་བོད་མི་རིགས་འདིའི་གཤིས་ཀ་ལ་རྒྱག་རེས་དང་དྲག་པོ་བྱེད་མི་ཐུབ་མཁན་ཞིག་ཆགས་ཡོད་མ་རེད། བོད་ཀྱི་ཆོས་རྒྱལ་ཚོའི་སྐབས་སུ་བོད་དེ་འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་བྱས་ནས་བསྡད་པ་རེད། མར་རྒྱ་ནག་ལ་དམག་བརྒྱབ་སྟེ་རྒྱ་ནག་གོང་མ་བརྗེ་པོ་རྒྱག་དགོས་པ་བཟོས་པ་དང་། ཡར་རྒྱ་གར་ལ་དམག་བརྒྱབ་སྟེ་ཆུ་བོ་གང་གྷའི་བར་དུ་དབང་བསྒྱུར་བྱེད་མཁན་གྱི་རྒྱལ་ཁབ་ཅིག་རེད་མ་གཏོགས་གང་ཡང་བྱེད་མི་ཐུབ་མཁན་ཞིག་མ་རེད། དེ་བཞིན་༡༩༣༥ ནས་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་པའི་བརྒྱུད་རིམ་ནང་དུ་ཡང་། བོད་མི་ཚོས་ས་ཁུལ་འདྲ་མིན་ནས་རྒྱ་གཞུང་དང་མཉམ་མི་གསོད་རེས་བྱས་ནས་དྲག་གནོན་སྲིད་ཇུས་ལ་དྲག་རྒོལ་བར་མ་ཆད་པར་བྱས་ནས་ཡོད་རེད། དཔའ་མཛངས་དང་ལྡན་པའི་མི་རིགས་ཤིག་རེད་མ་གཏོགས་འཐབ་འཛིང་བྱེད་མི་ཐུབ་མཁན་གྱི་མི་རིགས་ཤིག་མ་རེད། ཡིན་ན་ཡང་ད་ཆར་འཚེ་མེད་ཞི་བའི་ཐོག་འགྲོ་བཞིན་པ་འདི་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལ་བརྟེན་ནས་བྱུང་བ་ཞིག་རེད”་ཅེས་གསུངས་སོང་།

ཡང་ཁོང་གིས་“རྩ་བས་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་བ་མང་པོ་ཡོད་རེད། ཡིན་ན་ཡང་ང་རང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་འགྲོ་སྐབས་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་རྙིང་པ་རེད་ཟེར་གྱི་འདུག་”ཅེས་མ་འོངས་པར་ང་ཚོས་བོད་དོན་རྒྱབ་སྐྱོར་བ་གསར་པ་འཚོལ་དགོས་སྐོར་དང་། བོད་ནང་གི་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ཞལ་ཆེམས་དེ་དག་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་ཡག་པོ་བྱེད་དགོས་སྐོར། ད་ལྟ་བོད་མི་རིགས་ཀྱི་ངོ་བོ་བརླགས་ལ་ཉེ་བ་ཆགས་ཡོད་སྟབས་ཛ་དྲག་གི་གནས་སྟངས་རེད། དེར་བརྟེན་བོད་མི་ཚང་མས་བྱེད་དགོས་པ་གང་ཡིན་དང་བྱེད་མི་དགོས་པ་གང་ཡིན་ཤེས་པའི་ཐོག་ནས་འགན་མཉམ་ཁུར་གྱིས་བོད་མིའི་རྩ་དོན་རྩོད་དགོས་སྐོར་སོགས་གསུངས་སོང་།

དེ་བཞིན་ཚོགས་འདུ་དབུ་འབྱེད་སྐབས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་ནས་གསར་འགོད་གསལ་བསྒྲགས་ཤིེག་སྤེལ་བའི་ནང་། “བགྲོ་གླེང་ཚོགས་འདུ་འདིའི་དམིགས་ཡུལ་གཙོ་བོ་ནི། རྒྱ་དམར་གྱིས་བཙན་དབང་བྱས་པའི་ད་ལྟའི་བོད་ནང་བོད་རིགས་སྤུན་ཟླ་མང་པོ་འུ་ཐུག་ཐབས་ཟད་ཀྱིས། གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པའི་རྒྱབ་ལྗོངས་ལ་བལྟ་ཞིབ། ད་ལྟ་བོད་ནང་གི་ཛ་དྲག་གནས་སྟངས་ལས་བོད་མི་རྣམས་སྐྱོབ་ཐབས་ཇེ་དགེའི་སྐོར་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་གསར་པ་མཉམ་འབྲེལ་ལམ་བཅས་སྐོར་བོད་མི་ཤེས་ཡོན་ཅན་གྱི་བསམ་ཚུལ་གླེང་སའི་གླེང་སྟེགས་བསྐྲུན་ཆེད་ཡིན། བོད་དང་བོད་མིར་འབྲེལ་བའི་གནས་ཚུལ་མཐའ་དག་དངོས་ཐོག་བདེན་འཚོལ་ལམ་ནས་ཤེས་ཐབས་ཀྱི་དངོས་བདེན་གནས་ཚུལ་གྱི་ཤེས་རྟོགས་སྤེལ་རྒྱུ་ནི་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ལས་འགན་ཡིན་ཞེས”་འཁོད་འདུག

མཐར་ཚོགས་འདུའི་མཛད་སྒོ་གཙོ་སྐྱོང་བ་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ལས་བྱེད་དོན་གྲུབ་རྒྱལ་པོས་ཐུགས་རྗེ་ཆེས་ཞེས་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་རེད།

དེ་རིང་གི་མཛད་སྒོ་གྲུབ་མཚམས་བགྲོ་གླེང་འདི་ཉིན་གཉིས་ཀྱི་རིང་འཚོགས་ཏེ་ཐེངས་འདིའི་ཚོགས་འདུའི་ཐོག་བཅར་བའི་གཏམ་བཤད་པ་ཚོས། གོང་ཞུས་བརྗོད་གཞིའི་ཐོག་བགྲོ་གླེང་དང་ཚོགས་ཞུགས་པ་ཚོས་དྲི་བ་དྲིས་ལན་གནང་རྒྱུ་རེད་འདུག

Share this:
༨༦ ཀློག་གྲངས།