རྟའུ་བ་འཇམ་དཔལ་ཡེ་ཤེས་རྗེས་དྲན་དང་འབྲེལ་བའི་མཆོད་འབུལ།

tawu jampal yishiཟླ་འདིའི་ཚེས་ ༢༨ ཉིན་རྒྱ་གར་ལྷོ་ཕྱོགས་ཀརྣ་ཊ་ཀའི་མངའ་སྡེ། མེ་སོར་རྫོང་། ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ། ས་གནས་གཞོན་ནུ་ལྷན་ཚོགས་དང་། བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག རྟའུ་བ་འཇམ་དཔལ་ཡེ་ཤེས་ཀྱི་ལོ་འཁོར་རྗེས་དྲན་དང་སྟབས་བསྟུན།

བོད་བསྟན་སྲིད་རང་དབང་སླར་གསོའི་ཆེད་སྐུ་ལུས་མེར་སྲེག་གནང་མཁན་རྣམས་ཀྱིས་གཙོས་པའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་མཆོད་འབུལ་ཞིག་འཚོགས་ཡོད་པ་རེད།

 

  བསྔོ་སྨོན་མཆོད་འབུལ་དེ་ས་གནས་དེའི་ཆོས་སྡེ་ཆེ་ཤོས་རྫོང་དཀར་ཆོས་སྡེའི་དགོན་པའི་ཚོགས་ཁང་ཞིག་གི་ནང་། རང་ལུས་མེར་སྲེག་གནང་མཁན་དག་གི་སྐུ་པར་འཁོད་པའི་འཕྲེད་དར་ཆེན་པོ་དང་། བོད་ཀྱི་རྒྱལ་དར་བཅས་བཤམ་པའི་མདུན་དུ་བསྔོ་སྨོན་འདོན་བཞིན་འདུག་ལ། དགོན་པའི་མཆོད་མེ་ཁང་དུ་ཡང་མར་མེ་སྟོང་མཆོད་ཞིག་མཤམ་འདུག ཚོགས་ཞུགས་པ་མི་མང་བཞི་བརྒྱ་བརྒལ་བ་མཉམ་འཛོམས་བྱུང་ཡོད་ཅེས་ས་གནས་གཞོན་ནུའི་ཚོགས་གཙོ་རྟ་མགྲིན་ཚེ་དབང་གིས་བརྗོད་སོང་།

གཞན་ཡང་ལས་འགུལ་གོ་སྒྲིག་པ་ས་གནས་གཞོན་ལྷན་ཚོགས་གཙོ་རྟ་མགྲིན་ཚེ་དབང་གིས་ལས་འགུལ་ངོ་སྤྲོད་བྱེད་སྐབས། “ད་ལྟའི་བར་བོད་ནང་ནས་བོད་བསྟན་སྲིད་རང་དབང་འཐབ་རྩོད་ཀྱི་ཆེད། རང་ལུས་མེར་སྲེག་གནང་མཁན་ ༡༡༡ (༡༡༣) བྱུང་ཡོད་པ་དེ་དག་གི་ཆེད་དུ། དེ་རིང་བོད་བསྟན་སྲིད་རང་དབང་སླར་གསོའི་ཆེད་སྐུ་ལུས་མེ་མཆོད་ཕུལ་མཁན་རྒྱ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་འདས་གྲོངས་སུ་སོང་བའི་ཉིན་མོ་དང་སྟབས་བསྟུན་ནས། རྒྱལ་གཅེས་དཔའ་བོ་ཁོང་རྣམས་ཀྱི་ཆེད་དུ་བསྔོ་སྨོན་ཟབ་རྒྱས་ཤིག་དང་། མཆོད་མེ་སྟོང་མཆོད་བཅས་ཕུལ་རྒྱུ་ཡིན་”ཞེས་དང་། “རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱི་ཞལ་ཆེམས་དང་། འབོད་སྒྲ། དམིགས་ཡུལ་གཙོ་བོ་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། བོད་རང་དབང་རང་བཙན་ལེན་རྒྱུ་དེ་རེད། ང་ཚོས་སྲིད་སྐྱོང་བཀའ་ཤག་གི་ལྟ་གྲུབ་གསུམ་ཡོད་པའི་རྡོག་རྩ་ཆིག་སྒྲིལ་དེ་གལ་ཆེན་པོ་ཡིན་པས། ང་ཚོས་བོད་ནང་བོད་དོན་དང་འབྲེལ་བའི་གནས་ཚུལ་ནམ་བྱུང་བ་ཡིན་ན། ཁོང་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་གལ་ཆེན་ཡིན་པ་རེད། ” ཅེས་བརྗོད་སོང་།

གཞན་ཡང་བསྔོ་སྨོན་མཆོད་འབུལ་ནང་མཉམ་ཞུགས་བྱས་ཡོད་པའི་ས་གནས་བུད་མེད་ཚོགས་གཙོ་ཟུར་པ་ཚུལ་ཁྲིམས་དཔའ་མོས་ “ང་དེ་རིང་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ཁོང་གི་ལོ་མཆོད་ཀྱི་ཉིན་མོ་དང་འབྲེལ། བོད་དོན་ཆེད་རང་ལུས་མེར་སྲེག་གནང་མཁན་དག་ལ། བསམ་པ་རྣམ་དག་གིས་བསྔོ་སྨོན་མཆོད་འབུལ་བྱེད་དུ་ཡོང་པ་ཡིན་” ཞེས་མིག་མཆུ་མས་བཀང་སྟེ་བརྗོད་སོང་ལ། དེ་བཞིན་ཕུར་བུ་རྡོ་རྗེ་ཡིས་ “ང་ནི་བོད་ནང་དུ་རྒྱལ་གཅེས་དཔའ་བོ་ཕོ་མོ་མང་པོ་ཞིག་གིས། རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ། རང་གི་བུ་དང་ཆུང་མ། རྒྱུ་དང་ནོར་ཕྱུག་སོགས་ཡོད་ཚད་བློས་བཏང་བས་མ་ཚད། ཐ་ན་རང་གི་ལུས་སྲོག་ཀྱང་བློས་བཏང་གིས་མེར་མཆོད་ཕུལ་བ་རེད། དེ་དག་ལ་གདུང་སེམས་མཉམ་བསྐྱེད་དང་། བསྔོ་སྨོན་ཆེད་བཅར་བ་ཡིན།” ཅེས་བརྗོད་སོང་།

དེ་བཞིན་ས་གནས་གཞོན་ལྷན་གྱི་ཁག་གིས་ལྡི་ལི་དང་། དྷ་རམ་ས་ལ་བཅས་སུ་ཡང་རྟའུ་བ་འཇམ་དཔལ་ཡེ་ཤེས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་ལོ་གཅིག་འཁོར་བར་རྗེས་དྲན་མཆོད་འབུལ་འཚོགས་ཡོད་པ་རེད།

tawu jampal yishi

༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་དུ་རྒྱལ་དོན་མཚམས་གཟིགས་སུ་ཡོང་བ་དང་སྟབས་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལི་རུ་ངོ་རྒོལ་ཁྲོམ་སྐོར་ལས་འགུལ་གོ་ སྒྲིག་བྱས་པདང་། སྐབས་དེར་ཕྱི་ཟླ་༣ ཚེས་༢༦ ལྡི་ལིར་རྟའུ་བ་འཇམ་དཔལ་ཡེ་ཤེས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་ རྒོལ་བྱས་པར་བརྟེན། སྨན་ཁང་དུ་མྱུར་སྐྱོབ་ཆེད་ཁྲིད་ནའང་། ཚེས་༢༨ སྔ་དྲོ་སྐུ་གྲོངས་ཡོད་པ་རེད།།

མེ་སོར་གསར་འགོད་པས་ཧུན་སུར་ས་གནས་ནས།

Share this:
༢༨ ཀློག་གྲངས།