ཁྱོད་བདེ་བར་སྨོན།

རི་མགོའི་ཁ་བ་དལ་གྱིས་བཞུར་ནས་ཆུ་རྒྱུན་རིང་མོས་ཉག་མ་གསོས།།

རྩེ་ཤིང་ཡོངས་རྫོགས་ལྷུག་པོའི་ངང་ནས་རང་གི་ཡལ་འདབ་ཕྱོགས་བཅུར་བརྐྱངས།།

བྱ་བྱིའུ་ཚོགས་ཀྱིས་ལྗོན་པའི་རྩེ་ནས་གསུང་དབྱངས་སྙན་མོས་དཔྱིད་དུས་བསུས།།

དེ་ཡི་དུས་སུ་ཁེར་རྐྱང་ཁོ་བོས་སྙིང་གི་མཛའ་གྲོགས་ཁྱོད་ཉིད་དྲན།།

རྒྱང་རིང་ས་ནས་བརྩེ་ལྡན་ཁྱོད་ཀྱི་གཟུབ་མེད་སེམས་ན་རྨ་ཁ་བཟུང།།

སྐབས་འགར་བདག་ལ་ནང་རོལ་སེམས་ནས་འཁང་ར་་བྱེད་པ་ལས་ཀྱིས་ཚོར།།

འོན་ཀྱང་སྔོན་བསགས་ལས་ལ་མེད་པས་ཁྱོད་ཉིད་རྒྱང་ལ་བསྐྱུར་དགོས་ཐལ།།

དྭངས་གཙང་སེམས་ནས་བཟོད་པར་གསོལ་རོགས་བདག་གི་སེམས་ཀྱི་མེ་ཏོག་ལགས།།

 

སྐབས་འགར་སེམས་ཀྱི་འཁོར་ཕྱོགས་ཤིག་ནས་ཁྱོད་ཉིད་དྲན་པ་བཟོད་དཀའ་ཡང།།

ལས་དབང་ཟེར་བའི་ཚིག་འབྲུ་འདི་ཡིས་རང་སེམས་གསོ་བཞིན་དབུགས་རིང་ཤོར།།

འདི་ལྟར་འཚོ་བའི་འཕྲང་ལམ་ཁྲོད་ནས་ཁྱོད་ཉིད་བདེ་བའི་སྨོན་ལམ་བཏབ།།

ཕྱི་མ་མཇལ་བའི་སྨོན་ཚིང་རི་མོ་ཕ་རིའི་བྲག་གི་ངོས་སུ་བརྐོས།།

 

ཁྱོད་ཀྱིས་བཞག་པའི་སེམས་རྟེན་ཅ་དངོས་ང་སེམས་སྡུག་པའི་རྒྱུ་རུ་སོང།།

སྨོན་ཚིག་ཐར་ཐོར་ཡི་གེར་བཀོད་ནས་ཐེངས་འགའ་ཀློག་པའི་ལས་ལ་བཞུགས།།

དྲན་གདུང་ངར་མོས་ནང་རོལ་དཀྲུངས་ནས་ཁྲ་ཆུང་མིག་ལ་མཆི་མ་འཁོར།།

མཐོ་ས་ཞིག་ནས་ཁྱོད་ལ་དམིགས་ཏེ་ལྷད་མེད་སྙིང་གཏམ་རླུང་ལ་བསྐུར།།

 

ཤག་ཤག་འབབ་པའི་ཆུ་མོའི་འགྲམ་ནས་སེམས་གཏམ་སྐྱོ་མོ་གླུ་རུ་བླངས།།

འཁྱར་འཁྱོར་གོམ་པའི་སྤོ་ཐེངས་རེ་རེར་དྲན་གདུངས་མིག་ཆུ་ས་ལ་ལྷུང།།

ལག་ཟུང་མགོ་བོར་བྱིལ་བྱིལ་བྱེད་བཞིན་ལུས་ཟུངས་ངལ་བས་འཁུན་སྒྲ་གྲགས།།

སྔོན་སོང་གཏམ་རྒྱུད་སྙིང་ལ་དྲན་བཞིན་ཁྱོད་ཉིད་གམ་དུ་ཡོད་སྣང་ཤར།།

 

དེ་ལྟར་ཉིན་དང་ལོ་ཟླ་རྩིས་ནས་དྲན་གདུངས་མེ་ལྕེ་སྙིང་ནས་འབར།།

ཁྱོད་ཉིད་བདེ་བའི་སྨོན་ཚིག་འབུམ་ཕྲག་རྒྱ་ཤོག་སྟོང་པ་གང་སར་བྲིས།།

དགུང་སྔོན་ཉི་མའི་འཆར་ནུབ་རེ་རེར་ཁྱོད་ཉིད་བདེ་བར་བསམ་ནས་ཡོད།།

བླ་མ་དཀོན་མཆོག་བྱམས་སེམས་ལྡན་ན་ཁྱོད་ཀྱི་མགོན་དུ་ཕེབས་པར་ངེས།།

 

སྤྱི་ལོ་༢༠༡༣ཟླ་བ་༢ཚེས་༢༤ཉིན་ས་མཐའ་ཞིག་ནས་བྲིས།།

Share this:
༡༢༡ ཀློག་གྲངས།