དང་པོ། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐོར་གླེང་བ།

མི་མ་ཡིན་གྱི་ནུས་པས་ཡུལ་འདི་དང་འདི་ལྟ་བུ་ན་ལྷ་འདྲེ་འདི་དང་འདི་ལྟ་བུ་ཡོད་པས་ཕན་གནོད་འདི་དང་འདི་ལྟ་བུ་བྱེད། དེ་ལ་གསོལ་མཆོད་དང༌། ཡས་སྟག་གཏོང་ལུགས་འདི་འདྲ་བྱས་པས་ཕན་ཟེར་བ་སྣ་ཚོགས་ཤེས་པ་བྱུང༌། རྒྱལ་རབས་རྣམས་སུ་གཉའ་ཁྲི་བཙན་པོ་ནས་ཁྲི་ཐོག་རྗེ་བཙན་བར་གྱི་རྒྱལ་རབས་ཉི་ཤུ་རྩ་དྲུག་ལ་ཆབ་སྲིད་བོན་གྱིས་བསྐྱངས་ཟེར་བ་ཙམ་ལས་མ་བཤད་ཀྱང༌། བོད་ཡུལ་དུ་བོན་དར་བའི་ཐོག་མ་འདི་ནས་བྱུང་བར་མངོན། འོན་ཀྱང་དེ་དུས་ཀྱི་བོན་རྣམས་ལ་མར་འདྲེ་སྲི་གནོན་པ་དང༌། ཡར་རྒན་གྱི་ལྷ་མཆོད་པ་དང༌། བར་ཁྱིམ་གྱི་ཐབ་འདོན་པ་གསུམ་ཙམ་ལས། བོན་ལུགས་ཀྱི་ལྟ་བ་སོགས་ཀྱི་ཐ་སྙད་མ་བྱུང་བས་ཆོས་འབྱུང་དང་རྒྱལ་རབས་འགའ་ཞིག་ཏུ་གྲི་གུམ་བཙན་པོའི་རིང་ནས་བོན་དར་བར་ཡང་བཤད་དོ། །དེ་ལ་རྒྱུའི་བོན་ཆབ་གན་ཅེས་ཀྱང་གྲགས་སོ། །ཞེས་གསལ། གཉིས་པ་འཁྱར་བོན་ནི། རྒྱལ་པོ་གྲི་གུམ་བཙན་པོའི་གྲི་ཤིད་བོད་ཀྱི་བོན་པོ་རྣམས་ཀྱིས་བྱེད་པ་མ་ཤེས་ནས། ཁ་ཆེ་དང༌། བྲུ་ཤ་དང༌། ཞང་ཞུང་གསུམ་ནས་བོན་པོ་གསུམ་གྲི་ཤིད་ལ་བོས་པ་ལ། གཅིག་གིས་གེ་གོང་ཁྱུད་དང༌། མེ་ལྷ་བསྒྲུབས་པ་ལ་བརྟེན་ནས། རྔ་ཞོན་ནས་ནམ་མཁའ་ལ་འགྲོ་བ་དང༌། གཏར་བ་ལེན་པ་དང༌། བྱ་སྒྲོས་ལྕགས་གཅོད་པ་སོགས་ཀྱི་ནུས་པ་སྟོན། གཅིག་གིས་ཇུ་ཏིག་དང༌། ལྷ་བཀའ་དང༌། སོག་དམར་ལ་སོགས་པ་མོ་བཏབ་ནས་ལེགས་ཉེས་གཏན་ལ་འབེབས། གཅིག་གིས་གཤིན་པོ་འདུར་བ་དང༌། གྲི་འདུལ་བ་ལ་སོགས་པ་ཤིད་ཀྱི་བྱེ་བྲག་རྣམས་ཤེས། དེ་གསུམ་མ་བྱུང་ཕན་ཆད་དུ་བོན་ལ་ལྟ་བ་འདི་ཡིན་བྱ་བ་མེད། དེ་ཕྱིན་ཆད་ནས་བོན་གྱི་ལྟ་བ་ཅིག་ཀྱང་བཟུང་སྟེ། མུ་སྟེགས་དབང་ཕྱུག་པའི་གྲུབ་མཐའ་འཁྱར་བ་བོན་དང་འདྲེས་པ་ཡིན་སྐད་ཅེས་གསལ། གསུམ་པ་སྒྱུར་བོན་ལ་གསུམ་དུ་ཡོད་ཚུལ་བཤད་ཅིང༌། ༡པཎ་ཌི་ཏ་ཤམ་ཐབས་སྔོན་པོ་ཅན་གྱིས་ཆོས་ལོག་གཏེར་དུ་བཅུག་ནས་ཁོ་རང་གིས་བཏོན་པ་བོན་དང་འདྲེས་པ་ལ་ཟེར་ཞེས་བཤད་འདུག ༢ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོན་རྣམས་ཆོས་ལ་འཇུག་དགོས་པའི་བཀའ་ཁྲིམས་བྱས་ཏེ་རྒྱལ་བའི་བྱང་ཆུབ་ཟེར་བ་ལ། རིན་ཆེན་མཆོག་ལ་ཆོས་ཉོན་བྱས་པས་ཁོས་མ་འདོད་པ་ལ། རྒྱལ་པོའི་ཁྲིམས་བཅད་པས་ཁོ་ཁྲོས་ཏེ་བོན་དང་བསྡེབས་ནས་སངས་རྒྱས་ཀྱི་གསུང་རབ་འགའ་ཞིག་བོན་དུ་བསྒྱུར། དེ་རྒྱལ་པོས་གསན་ནས། དེ་བཞིན་གཤེགས་པའི་གསུང་རབ་བོན་དུ་བསྒྱུར་བ་རྣམས་ཀྱི་སྐེ་ཆོད་གསུངས་ནས་མང་རབས་ཀྱི་སྐེ་བཅད་པས། བོན་རྣམས་སྐྲག་ནས་བསྒྱུར་འཕྲོ་དང་བཅས་པ་གཏེར་དུ་སྦས་པ་རྣམས་ཕྱིས་སུ་བཏོན་པ་ལ་བོན་གཏེར་མ་ཡིན་ཟེར། ཞེས་དང༌། ༣གླང་དར་གྱིས་བསྟན་པ་བསྣུབས་རྗེས་གཙང་ཉང་སྟོད་ན་གཤེན་རྒུར་ཀླུ་དགའ་བྱ་བས། དར་ཡུལ་སྒྲོ་ལག་བྱ་བ་དབུས་ཀྱི་བོན་གནས་ཤིག་ཏུ་སངས་རྒྱས་ཀྱི་བཀའ་མང་པོ་བོན་ཏུ་བསྒྱུར་ཏེ། ཡུམ་རྒྱས་པ་ལ་ཁམ་ཆེན། ཉི་ཤུ་རྩ་ལྔ་པ་ལ་ཁམ་ཆུང༌། གཏན་ལ་དབབ་པ་ལ་བོན་མདོ། གཟུངས་སྡེ་ལྔ་ལ་ཀླུ་འབུམ་དཀར་ནག་ཅེས་བཏགས། བརྡ་ཆད་དང་བརྗོད་བྱ་ཆོས་དང་མི་འདྲ་བ་སྣ་ཚོགས་བྱས་ཏེ། མཚོ་ལྔ་འདྲེའུ་ཆུང་གི་བྲག་ལ་གཏེར་དུ་སྦས། ཕྱིས་སུ་ཁོ་རང་གིས་ཐོན་པ་ལྟར་བྱས་ནས་བཏོན། དེ་རྗེས་ཁྱུང་པོ་བོན་ཞིག་ལ་སོགས་པས་ཀྱང་དེ་འདྲ་མང་དུ་བསྒྱུར། བསྒྱུར་བོན་སྔ་ཕྱི་བར་གསུམ་པོ་དེ་ལ་ཆབ་དཀར་ཟེར་ཏེ་འབྲས་བུའི་བོན་ཅེས་མིང་བཏགས་སོ། །ཞེས་གསལ་ཞིང༌། བཤད་པ་འདི་ཉིད་མཁས་དབང་ནམ་མཁའི་ནོར་བུས་ཀྱང་འདིའི་ཐད་དུ་དྲངས་འདུག ༑ རྒྱུའི་བོན་རིགས་ནི། སྣང་གཤེན་བལ་ཐོད་ཅན། འཕྲུལ་གཤེན་བལ་ཚོན་ཅན། ཕྱྭ་གཤེན་ཇུ་ཐིག་ཅན། དུར་གཤེན་མཚོན་ཆ་ཅན་དང་བཞིའོ། །དང་པོ་སྣང་གཤེན་བལ་ཐོད་གྱིས་ཕྱྭ་དང༌། གཡང་འགུགས། ལྷ་དང་སྨན་གསོལ། དགེ་ལེགས་དང་དཔལ་བསྐྱེད་ནས་མི་ནོར་རྒྱས་པར་བྱེད། གཉིས་པ་འཕྲུལ་གཤེན་བལ་གྱིས་མདོས་དང་ཡས་གཏོང༌། སྲིད་དང་རྟེན་འཛུགས། འཕྲལ་ཕུགས་ཀྱི་འགལ་རྐྱེན་ཐམས་ཅད་སེལ་བར་བྱེད་དོ།། གསུམ་པ་ཕྱྭ་གཤེན་ཇུ་ཐིག་ཅན་གྱིས་ལེགས་ཉེས་ཀྱི་ལམ་སྟོན། ཡིན་མིན་གྱི་ཐེ་ཚོམ་སེལ། ཟག་བཅས་ཀྱི་མངོན་ཤེས་འཆད་པར་བྱེད། བཞི་པ་དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གྱི་བགེགས་སེལ། གཤིན་གྱི་དུར་འདེབས། ཆུང་གི་སྲི་གནོན། གནམ་གྱི་རྒྱུ་སྐར་བལྟ། སའི་འདྲེ་བཏུལ་བ་ཡིན་ནོ་ཞེས་རྒྱུའི་བོན་སྒོ་བཞི་གསལ་བར་བཤད་པ་དང༌། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ཀྱང་འདི་བཞིན་བཤད་པར་གསལ། ༑ བོན་ཤེས་པ་ཅན་བཅུ་གཉིས་ནི། ༡མགོན་ཤེས་ལྷ་བོན། ༢གཡང་ཤེས་ཕྱྭ་བོན། ༣འགྲོ་ཤེས་གླུད་བོན། ༤འདུར་ཤེས་སྲིད་གཤེན། ༥གཙང་ཤེས་སེལ་འདེབས། ༦འགྲོལ་ཤེས་གཏད་བྱད། ༧ཕན་ཤེས་སྨན་དཔྱད། ༨སྐོས་ཤེས་རྩིས་མཁན། ༩སྨྲང་ཤེས་གཏོ་དགུ། ༡༠ལྡིང་ཤེས་ཤ་བ། ༡༡འཕུར་ཤེས་ཇུ་ཐིག ༡༢སྒྲོལ་ཤེས་འཕྲུལ་བོན་བཅས་ཡིན་པར་གསལ། དེ་དག་དང་པོ་ལ་ནང་གསེས་དབྱེ་བ་བཅུ་ཡོད་པ་དང༌། གཉིས་པ་ལ་ནང་གསེས་དབྱེ་བ་ལྔ། གསུམ་པ་ལ་ནང་གསེས་དབྱེ་བ་བཅུ། བཞི་པ་ལ་ནང་གསེས་དབྱེ་བ་བཞི། ལྔ་པ་ལ་ནང་གསེས་དབྱེ་བ་བརྒྱད། དྲུག་པ་ལ་ནས་གསེས་དབྱེ་བ་དྲུག བདུན་པ་ལ་ནང་གསེས་དབྱེ་བ་བཅུ་གསུམ། བརྒྱད་པ་ལ་ནང་གསེས་དབྱེ་བ་བརྒྱད། དགུ་པ་ལ་ནང་གསེས་དབྱེ་བ་བཅུ་གསུམ། བཅུ་པ་ལ་ནང་གསེས་དབྱེ་བ་བརྒྱད། བཅུ་གཅིག་པ་ལ་ནང་གསེས་དབྱེ་བ་བདུན། བཅུ་གཉིས་པ་ལ་ནང་གསེས་དབྱེ་བ་བཅུ་བཞི་བཅས་ཡོད་ཅིང༌། དབྱེ་བ་དེ་དག་རེ་རེའི་ནང་ལའང་ནང་གསེས་དབྱེ་བ་དང༌། རྒྱས་བཤད་ཀྱི་གཞུང་ལུགས་མང་དུ་སྣང་ཡང་འདིར་ཡིག་ཚོགས་མངས་སུ་དོགས་ནས་ཁ་ཡིག་རགས་བསྡུས་ཙམ་ལས་མ་བཀོད་དོ། །
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།

Share this:
༨༡ ཀློག་གྲངས།