དོན་ལྡན་གླིང་དུ་སིདྡྷི་དུང་བསྒྲུབ་དང་སྒྲོལ་མ་འབུམ་ཚོགས།

ཟླ་འདིའི་ཚེས་  ༦ ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ།  ས་གནས་མི་མང་གིས་བོད་བསྟན་སྲིད་རང་དབང་སླར་གསོ་དང་། རྒྱལ་བའི་ཞབས་རིམ་ཆེད་གུ་རུའི་མཚན་སྔགས་དུང་སྒྲུབ་ཅིག་གསོག་སྒྲུབ་དང་། སླར་ཡང་སྒྲོལ་མ་འབུམ་ཚོགས་གཉིས་ཀྱི་ཞབས་རིམ་དབུ་འཛུགས་བྱས་ཡོད་པ་རེད།

དེ་ཡང་ཀོ་ལེ་གྷལ་དོན་ལྡན་གླིང་མི་མང་གིས་འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༡ ནས་ཕྱི་ཟླ་ ༤ ཚེས་ ༥ བར་ཉིན་ ༢༥ རིང་ས་གནས་ཀྱི་༸གོང་ས་སྐྱབས་མགོན་རིན་པོ་ཆེའི་ཕོ་བྲང་གི་ཉེ་འགྲམ། ལྷ་རྒྱལ་རི་ཞེས་པའི་རི་འབུར་ཞིག་ཡོད་པ་དེར་རས་གུར་ཕུབ་སྟེ།  ཉིན་རེར་མི་ ༣༥༠ བརྒལ་རེ་མཉམ་འཛོམས་ཀྱི་༸རྒྱལ་བའི་ཞབས་རིམ་དང་། བོད་རང་དབང་སླར་གསོ་དང་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་ཆེད་དུ་གུ་རུའི་མཚན་སྔགས་བཛྲ་གུ་རུ་དུང་སྒྲུབ་ཅིག་འཚོགས་ཡོད་པ་དང་།  ཕྱི་ཟླ་ ༤ པའི་ཚེས་ ༦  ཉིན་ནས་སླར་ཡང་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་འབུམ་ཐེར་གཉིས་གསོག་སྒྲུབ་འགོ་འཛུགས་ཞུས་ཡོད་པ་རེད། ཞབས་རིམ་ཚོགས་ཆུང་གི་འགན་ཁུར་བ་སྐལ་ལྡན་ནོར་བུས་གསར་འགོད་པར་འགྲེལ་བརྗོད་བྱས་པ་ལྟར་ན།  གོ་ལེ་གྷལ་དོན་ལྡན་གླིང་དུ་གྲོངས་སྡེ་ ༢༢ ཡོད་པ་དང་། གཞིས་ཆགས་འགོ་ཚུགས་པ་ནས་ས་གནས་སུ་སྤྱི་མི་མི་རབས་རྒན་པ་དག་གིས་སྣེ་ཁྲིད་འོག་ལོ་རེ་བཞིན། ཆོས་ལུང་སྤྲུལ་གསུམ་གྱི་མཚན་སྔགས་དུང་སྒྲུབ་གསོག་རྒྱུའི་ལམ་ལུགས་ཡོད་པ་བཞིན། རིམ་བཞིན་སྤྱི་ཚོགས་དང་ས་གནས་འཛིན་སྐྱོང་གི་འཕོ་འགྱུར་རིམ་པ་དང་བསྟུན་ནས་དེང་སྐབས་ལོ་རེའི་ཞབས་རིམ་གསོག་སྒྲུབ་ས་གནས་འགོ་འཛིན་ལས་ཁང་གི་ལས་རིམ་དང་འབྲེལ་བའི་ཐོག་བཀོད་སྒྲིག་བྱེད་བཞིན་ཡོད་པ་དང་།  གྲུབ་དབང་རྫོགས་ཆེན་དགོན་པའི་དགེ་འདུན་པས་ཞབས་རིམ་ཆོས་འདོན་གྱི་དབུ་ཁྲིད་གནང་གི་ཡོད་འདུག ཞབས་རིམ་གསོག་སྒྲུབ་དེའི་དམིགས་ཡུལ་ནི་༸གོང་ས་མཆོག་གིས་དབུས་པའི་རིས་མེད་ཀྱི་སྐྱེས་ཆེན་དམ་པ་དག་གི་སྐུ་ཚེ་བརྟན་པ་དང་། བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གསོག་ཆེད། འདི་ལོར་དམིགས་བསལ་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་ཀྱིས་རང་ལུས་མེར་སྲེག་གཏོང་མཁན་དག་གི་ཆེད་དུ་བསྔོ་སྨོན་སྐྱབས་འཇུག་ཀྱང་བྱེད་བཞིན་ཡོད་པ་རེད་འདུག

མེ་སོར་གསར་འགོད་པས།

Share this:
༦༠ ཀློག་གྲངས།