བོད་ཀྱི་མིག་ཆུ་ཞེས་པའི་བགྲོ་གླེང་།

ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བསྟུན་ཏེ་སང་ཉིན་ཡུ་རོབ་གྲོས་ཚོགས་ནང་བོད་ཀྱི་མིག་ཆུ། “(Tears of Tibet)” ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་འཚོགས་གཏན་ཁེལ་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༠ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་རང་དབང་མང་གཙོ་མནའ་སྦྲེལ་ཚོགས་པ་ (Alliance of Liberals and Democrats for Europe) ཞེས་པའི་གོ་སྒྲིག་འོག ཡུ་རོབ་གྲོས་ཚོགས་ནང་བོད་ཀྱི་མིག་ཆུ། “(Tears of Tibet)” ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་འཚོགས་གཏན་འཁེལ་ཡོད་འདུག་པ་དང་། ལྷན་ཚོགས་དེའི་སྐབས་བོད་ནང་བོད་མི་ཚོས་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་བཏང་སྟེ། རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ལ་ཞི་རྒོལ་བྱས་དང་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་གཞི་བཅོལ་ཏེ། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཁོར་ཡུག་སོགས་ལ་དོ་ཕོག་ཇི་འདྲ་གཏོང་བཞིན་ཡོད་སྐོར་དང། ཡུ་རོབ་སྤྱི་མཐུན་ཚོགས་པའི་ལས་འགན་ཇི་ཡིན་སྐོར་སོགས་ལ་གོ་བསྡུར་སྦྱངས་བཤད་དང་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།

དེ་ཡང་ཡུ་རོབ་གྲོས་ཚོགས་ཀྱི་རང་དབང་མང་གཙོ་མནའ་སྦྲེལ་ཚོགས་པའི་སྐུ་ཚབ་ཀྱིས། “བོད་ནང་ཕྱི་ལོ་༢༠༠༨ ལོར་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་པ་ནས་བཟུང་ས་གནས་བོད་མི་དང་རྒྱ་ནག་གཞུང་དབར་གྱི་འབྲེལ་བ་དེ་བཞིན་ཛ་དྲག་ཇེ་ཆེར་ཕྱིན་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ང་ཚོས་ད་བར་རྒྱ་ནག་གཞུང་གིས་དོན་དམ་གྱི་ཞི་བདེའི་ཁོར་ཡུག་བསྐྲུན་རྒྱུའི་རྣམ་པ་གང་ཡང་མཐོང་ཐུབ་མེད། དེར་བརྟེན་ཐེངས་འདིའི་ལྷན་ཚོགས་སྐབས་ཡུ་རོབ་གྲོས་ཚོགས་ཀྱིས་བོད་ཀྱི་གནད་དོན་དེ་བཞིན་ཞི་བའི་ཐོག་ནས་སེལ་ཆེད་ཐབས་ལམ་དང་ལངས་ཕྱོགས་ཇི་འདྲ་ཞིག་བཟུང་དགོས་མིན་ཐོག་གོ་བསྡུར་ཞུ་རྒྱུ་དང། ལྷག་པར་དེང་སྐབས་བོད་ནང་དུ་གནས་སྟངས་ཧ་ཅང་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས་འདིར་ཡུ་རོབ་གྲོས་ཚོགས་ལ་དམིགས་བསལ་འགན་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད”་ཅེས་གསུངས་ཡོད་འདུག

དེ་བཞིན་ལྷན་ཚོགས་དབུ་འབྱེད་སྐབས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཀི་རི་སི་ཊི་ན་ཨོ་ཇུ་ལེནྜ་ (Kristiina Ojuland) མཆོག་གིས་ངོ་སྤྲོད་དང་དབུ་འབྱེད་གསུང་བཤད་དང། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་ལམ་གཙོ་སྐྱོང་བ་ལྕམ་སྐུ་ཀེ་ཊི་སོན་ཌར་སི་ (Ms Kate Saunders) མཆོག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བོད་ནང་གི་རང་ལུས་མེར་སྲེག་སྐོར་གྱི་འདིི་ལོའི་ལོ་འཁོར་སྙན་ཐོ་“རྩྭ་ཐང་སྟེང་གི་རླུང་འཚུབ། རྒྱ་ནག་གཞུང་གི་སྲིད་བྱུས་དང་བོད་མིའི་རང་ལུས་མེར་སྲེག”“(Storm in the Grasslands: Self-immolations in Tibet and Chinese policy)” ཞེས་པ་སྒྲོགས་སྦྱང་གནང་རྒྱུ་ཡིན་འདུག

གཞན་ཡང་བོད་རིག་པའི་མཁས་དབང་དང་མི་རིགས་རིང་ལུགས་ཐོག་ཉམས་ཞིབ་གནང་མཁན་ལྕམ་སྐུ་ཀ་ཏི་ཡ་བྷ་ཕེ་ཏི་རེ་ལི་ (Ms Katia Buffetrille)ལགས་ཀྱིས། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ནས་བོད་མིའི་ཆོས་དད་རང་དབང་དང་རང་ལུས་མེར་སྲེག་གི་ལས་འགུལ་ལ་ལྟ་ཕྱོགས་ཞེས་པའི་ཐོག་གསུང་བཤད་དང་། དེ་བཞིན་ཨི་སི་ཊོ་ནི་ཡའི་ (Estonian) རྩོམ་པ་པོ་དང་སྤྱི་ཚོགས་དྲང་བདེན། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་འགུལ་བ་སྐུ་ཞབས་རོ་ཡི་སི་ཊེ་ཌར་ (Mr Roy Strider) ལགས་ཀྱིས། བོད་རང་བཙན་གྱི་བསམ་བློ་དང་བསམ་བློ་དེ་རིམ་བཞིན་མཁྲེགས་བཟུང་ཅན་དུ་འགྱུར་བ་ཡིན་ན་ཉེན་ཁ་ཇི་ཡོད་སྐོར་གསུང་བཤད་གནང་རྒྱུ་ཡིན་པ་རེད།

Share this:
༨༦ ཀློག་གྲངས།