ཨ་རིའི་གྲོས་ཚོགས་འཐུས་མིས་ཨ་རིའི་ཕྱི་སྲིད་བློན་ཆེན་ལ་འབོད་སྐུལ།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ ༢༡ གིས་ཨ་རིའི་ཕྱི་སྲིད་བློན་ཆེན་ཇོན་ཀེ་རི་(John F. Kerry) ་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༣ ཉིན་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་སྐབས། བོད་ཀྱི་གནད་དོན་གལ་ཆེར་བཟུང་སྟེ་རྒྱ་གཞུང་དང་མཉམ་གླེང་སློང་དགོས་པའི་འབོད་སྐུལ་གྱི་ཞུ་ཡིག་གཅིག་ཕུལ་ཡོད་པ་རེད།

ཞུ་ཡིག་དེ་tibet.net ཐོག་འཁོད་དོན། ང་ཚོས་སྐུ་ཉིད་མཆོག་ལ་བོད་ནང་གི་གནས་སྟངས་ཇེ་བཟང་དུ་གཏོང་ཆེད་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། དེ་ལྟར་ཞུ་དགོས་པའི་རྒྱབ་ལྗོང་གི་གནས་སྟངས་ནི། སྐུ་ཉིད་མཆོག་བོད་དོན་ཐོག་ཧ་ཅང་དོ་སྣང་གནང་མཁན་ཞིག་ཡིན་པ་མ་ཟད། ཨ་རིའི་ཕྱི་སྲིད་དྲུང་ཆེ་གོང་མ་ཚོས་བོད་དོན་རྒྱབ་སྐྱོར་གྱི་རྨང་གཞི་བཙུགས་པ་དེ་རྒྱུན་འཁྱོང་ཡོང་ཆེད་ཡིན། སྐུ་ཉིད་མཆོག་དེ་སྔ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ (Senate Foreign Relations Committee) ནང་ཕྱག་ལས་གནང་སྐབས། ཚན་པས་བོད་དོན་རྒྱབ་སྐྱོར་གྱི་ལས་གཞི་དང་སྲིད་བྱུས་མང་དག་ཅིག་གཏན་འབེབས་གནང་སྟེ། ཨ་རིའི་གཞུང་གི་བོད་དོན་རྒྱབ་སྐྱོར་གྱི་ལངས་ཕྱོགས་དེ་སྔ་ལས་གཞི་རྒྱ་ཆེ་རུ་བཏང་ཡོད། རྒྱབ་སྐྱོར་དེ་དག་གིས་བོད་མི་ཚོར་རང་གི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་ཆེད་ཕན་ཐོགས་ཧ་ཅང་བྱུང་བ་མ་ཟད།

བོད་ཀྱི་གནད་དོན་དེ་བཞིན་འཚེ་མེད་ཞི་བར་གཞི་བཅོལ་བའི་གྲོས་མོལ་གྱི་ལམ་ནས་སེལ་རྒྱུར་ཕན་ཐོགས་བྱུང་ཡོད། སྐུ་ཉིད་མཆོག་སྐུ་སྒེར་གྱིས་བོད་དོན་རྒྱབ་སྐྱོར་གནང་བ་དང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་སེམས་ཐག་ཉེ་པོ་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ལས་ཁུངས་སུ་ཐེངས་གཉིས་ཙམ་གདན་ཞུ་གནང་བ་དང། ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་མགྲོན་འབོད་ཞུས་པར་ང་ཚོས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་ཡོད་པ་མ་ཟད། དོན་ཚན་བདུན་འཁོད་པའི་གནད་དོན་རྣམས་ནི།

༡༽ སྐུ་ཉིད་མཆོག་གིས་རྒྱ་ནག་གཞུང་གི་འགོ་ཁྲིད་དང་ལྷན་གྲོས་མོལ་གནང་སྐབས་བོད་ཀྱི་གནད་དོན་དེ་ཡང་གྲོས་མོལ་གནང་རྒྱུའི་གནད་དོན་ཞིག་ཏུ་བརྩི་དགོས་པ་དང། དེ་ལྟར་བརྩི་དགོས་པའི་རྒྱུ་མཚན་ཡང་དེ་སྔའི་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ལས་འགན་རྒྱུན་སྐྱོང་གནང་བ་ལྟ་བུ་དང་། ཡང་ན་ཨ་རིའི་ཆབ་སྲིད་ཀྱི་འགྲོ་ལུགས་ཙམ་གྱི་རྣམ་པའི་ཐོག་ནས་མིན་པར། བོད་ཀྱི་གནད་དོན་དེར་རྒྱབ་སྐྱོར་བྱ་རྒྱུ་དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལངས་ཕྱོགས་བརྟན་པོ་ཞིག་ཡིན། ལངས་ཕྱོགས་དེ་ཡང་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཁྱབ་པའི་གཞི་རྩའི་རིན་ཐང་ལ་གཞི་བཅོལ་བ་ཞིག་ཡིན་པའི་ར་སྤྲོད་གནང་དགོས།

༢༽ རྒྱ་ནག་གཞུང་ནས་བོད་མིའི་འགོ་ཁྲིད་དང་ལྷན་དོན་སྙིང་ལྡན་པའི་གྲོས་མོལ་བསྐྱར་གསོ་གནང་དགོས་པ།

༣༽ བོད་དོན་ཐོག་དམིགས་བསལ་འབྲེལ་མཐུད་པ་གསར་པ་གང་མགྱོགས་བསྐོ་གཞག་གནང་རྒྱུ།

༤༽ བོད་མིའི་བདེ་དོན་དང་དཔལ་འབྱོར། དེ་བཞིན་གསར་འགྱུར་ཤེས་རྟོགས་ཆེད་མཐུན་འགྱུར་བསྐྲུན་རྒྱུ་སོགས་ཀྱི་ལས་གཞིའི་ཐད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ།

༥༽ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་སྐུ་ན་ཝི་པིལ་ལེ་ (Navi Pillay) མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ནང་གསལ་བ་རྣམས་ལག་ལེན་དོན་འཁྱོལ་ཡོང་ཆེད་རྒྱལ་ཁབ་གཞན་དང་མཉམ་འབྲེལ་གྱིས་ལས་འགུལ་སྤེལ་རྒྱུ།

༦༽ ཨ་རིའི་ནང་རྒྱ་ནག་གཞུང་གི་སྐུ་ཚབ་རྣམས་ལ་དམ་བསྒྲགས་གང་ཡང་མེད་པར་འགྲོ་བསྐྱོད་ཆོག་པ་ལྟར། ཨ་རིའི་སྐུ་ཚབ་ཚོ་ལའང་བོད་ནང་དམ་བསྒྲགས་གང་ཡང་མེད་པར་འགྲོ་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས།

༧༽ ལྷ་སའི་ནང་ཨ་རིའི་གཞུང་ཚབ་འཛུགས་རྒྱུའི་ཆ་རྐྱེན་དེ་གལ་ཆེ་ཤོས་སུ་བརྩི་དགོས།

ཞེས་འཁོད་འདུག གོང་འཁོད་ཞུ་སྙན་དེར་ད་བར་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཉི་ཤུ་རྩ་གཅིག་ཡོད་པ་རྣམས་ནི། སྐུ་ཞབས་མཀ་ཨུ་ཌལ་ (Mark Udall) དང། མར་ཀོ་རུ་བྷི་ཡོ་ (Marco Rubio)  སོགས་ཡིན་པ་རེད།།

Share this:
༣༨ ཀློག་གྲངས།