ཁ་སྟོང་པས་ལ་རྒྱ་བཤད་མཁན་ཞིག་མིན།

སུད་སིར་གནས་སྡོད་བོད་སྤྱི་པའི་རྩ་དོན་ཆེད་བྱས་རྗེས་སྤུ་རྩེ་ཙམ་མེད་པ་ཁ་ཤས་ཀྱིས་གུས་ལ་མི་དགའ་བའི་གནས་ཚུལ་མང་དག་ཅིག་དུས་རྒྱུན་སྤེལ་བཞིན་ཡོད་སྟབས། ཁྱི་ངན་གར་ཟུག་གི་ས་ལ་འུར་རྡོ་འཕེན་དགོས་གལ་མཐོང་གི་མེད་ཀྱང། སྤྱི་ལོ་༢༠༡༣ ཟླ་༣ ཚེས་༡༠ འཁོད་དྷ་རམ་ས་ལ་ནས་“བོད་ཀྱི་དུས་བབ་”ཟེར་བའི་གསར་ཤོག་ཐོག་མི་སྒེར་ལ་མིང་ཤས་ཆེད་བཟོ་ལྟ་བུར་“རྒྱ་ནག་གཞུང་ཚབ་ཀྱི་ལོ་གསར་སྐུ་མགྲོན།”ཞེས་རྫིག་རྫིག་རྔམ་རྔམ་གྱིས་གསར་ཤོག་གི་མདུན་ངོས་སུ་བཀོད་ནས། གུས་བཟའ་མི་གཉིས་བོད་མི་རིགས་ལ་ལར་ཞེན་མེད་པ་མ་ཟད། བོད་མི་རིགས་ཀྱི་ཞབས་ནས་འདྲེན་མཁན་ཡིན་པ་ལྟ་བུ་བྱས་ཀྱང། བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་བོད་པ་ནང་ཁུལ་དུ་ཁྲིམས་ཐོག་ནས་རྩད་གཅོད་མ་བྱས་པར། དངོས་ཐོག་བདེན་བརྗོད་ཀྱིས་གནད་དོན་ཁག་ཅིག་ལ་གསལ་བཤད་མི་བྱེད་ཀ་མེད་ཆགས་སོང། གསར་འགྱུར་དེའི་འཕྲོས་ཤོག་ངོས་༢ པར་གཟིགས་ཞེས་བཀོད་འདུག་ཀྱང། ཤོག་ངོས་གཉིས་པ་སོགས་མགོ་མཇུག་གང་དུའང་མི་འདུག་པས། དེའི་འཕྲོས་སུ་གནས་ཚུལ་ག་རེ་ཡོད་མེད་གསལ་རྟོགས་ཐུབ་མ་སོང།

གནས་ཚུལ་འདི་སུད་སིར་ཡོད་པའི་མི་རབས་གསར་པའི་ཚོགས་པ་ཟེར་བ་དེས་ཆེད་སྤྲོད་བྱས་པ་ཞིག་ཡིན་འདུག་ཀྱང། སྤྱིར་འཛམ་བུའི་གླིང་གི་དྲང་བདེན་ཅན་གྱི་གསར་ཤོག་ཅིག་ཡིན་ན་གནད་དོན་འདི་ལྟ་བུའི་སྐབས་སུ་ཕྱོགས་གཅིག་གི་གནས་ཚུལ་ཁོ་ན་འགོད་རྐྱང་མི་བྱེད་པར་ཕྱོགས་གཉིས་ཀར་རྩད་ཞིབ་བྱས་ནས་འགོད་སྲོལ་ཡོད་པ་བཞིན་མ་བྱས་པར། མིག་ཡ་གཅིག་བཙུམ་རྐྱང་གིས་གནས་ཚུལ་སྤེལ་བ་འདི་གསར་འགོད་པའི་ཀུན་སྤྱོད་རང་བཞིན་དང་ཁྲིམས་ལུགས་ཀྱི་རྒྱ་ལས་ཡོངས་སུ་བརྒལ་བ་ཞིག་རེད། སྤྱིར་མི་རབས་གསར་པའི་ཚོགས་པ་ཟེར་བ་འདིས་ལོ་ཁ་ཤས་ནང་མར་མེའི་ཁྲོམ་སྐོར་རེ་ཟུང་ཙམ་དང། སུད་སི་རང་དབང་ལུང་པ་རུ་སྐད་འབོད་སྟོང་པ་ཙམ་རེ་བྱས་ཡོད་ཀྱང། བོད་མི་རིགས་ཀྱི་དོན་དམ་འཐབ་རྩོད་དང་འཆི་གསོན་གྱི་གནས་བབས་ལ་ཕན་པའི་གྲུབ་འབྲས་ཐོན་པ་ཞིག་བྱེད་མྱོང་མེད་པ་ནི་སུས་བལྟས་ཀྱང་ས་རིས་ཐང་གསལ་ཟེར་བ་ལྟར་རེད།

བོད་རིགས་རྒྱ་ཆེའི་མི་མང་ལ་གསལ་བཤད་ཞུ་རྒྱུར། གུས་རྟ་སྲས་ཚུལ་ཁྲིམས་ཆོས་འཕེལ་ནི། ཁ་སྟོང་པས་ལ་རྒྱ་བཤད་མཁན་དང། ལག་སྟོང་པས་བོད་དོན་སྒྲུབ་མཁན་ཙམ་མིན་པར་དོན་དངོས་ཐོག་བོད་མི་རིགས་ལ་ཞབས་འདེགས་ཞུ་རྒྱུར་འབད་བརྩོན་ལྷོད་མེད་བྱེད་མཁན་གྱི་ཕོ་ཁྱོ་ག་ཞིག་ཡིན། གུས་པས་བོད་ཀྱི་རྩ་དོན་ཆེད་སྔ་རྗེས་སུ་ལས་དོན་བྱས་པ་ཁག་རྒྱས་བཤད་བྱེད་འདོད་མེད་ཀྱང། རེ་ཟུང་ཞིག་རགས་ཙམ་བཤད་ན་ཕྱི་ལོ་༡༩༧༩ ཟླ་༥ ཚེས་༡ ཉིན་བོད་དུ་འབྱོར་ཞིང། བཙན་བྱོལ་ནང་ནས་བོད་དུ་གཉེན་འཕྲད་བསྐྱོད་མཁན་ཐོག་མ་ང་ཡིན་པ་དང། སྐབས་དེའི་བོད་ནང་གི་གནས་སྟངས་སེམས་ཀྱིས་མ་བཟོད་པར་རང་གི་འཇོན་ནུས་ཡོད་ཚད་བོད་མི་རིགས་ཀྱི་ཆེད་དུ་འདོན་རྒྱུར་དམ་བཅས་པ་ཡིན། སྟབས་ཡག་པ་ཞིག་ལ་ཕྱི་ལོ་༡༩༨༤ ལོར་ཐོག་མ་ཕྲན་གྱི་གཅེན་པོ་འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་བརྒྱུད་ནས་དང། རྗེས་སུ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་དངོས་ཀྱིས་ཁོང་ལ་ཕྱག་རོགས་ཞུ་དགོས་པའི་འབོད་སྐུལ་གནང་བ་བརྒྱུད། ལོ་དེའི་སྤྱི་ཟླ་༧ པ་ནས་ཕྲན་གྱིས་སུད་སི་ནས་གླ་འབབ་ཆེ་བའི་ལས་ཀ་བཞག་ནས། ༧པཎ་ཆེན་རིན་པོ་ཆེའི་མཛད་འཆར་ཁག་ལ་གླ་མེད་དང་བླངས་ཀྱིས་ཞབས་ཞུ་དང། གང་ཉིད་ཀྱི་དགོངས་གཞི་ལྟར་གངས་ཅན་ཀུང་སི་གསར་འཛུགས་གནང་བ་དེའི་ཚོགས་མི་གཙོ་བོའི་གྲས་ཀྱི་འགན་ཁུར་བ་ཡིན།

སྤྱི་ལོ་༡༩༨༥ ནས་༡༩༨༦ བར་ཕྲན་ལ་༸པཎ་ཆེན་རིན་པོ་ཆེའི་སྐུ་སྒེར་གྱི་སྐུ་ཚབ་གཞོན་པའི་འགན་བསྐུར་བ་དང། སྤྱི་ལོ་༡༩༨༦ ལོ་ནས་སྐུ་ཚབ་དངོས་ཀྱི་འགན་བསྐུར། ལོ་དེར་ཕྲན་གྱིས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཀྱི་མིང་ཐོག་ནས་སུད་སི་རྒྱ་གྲམ་དམར་པོའི་ཚོགས་པའི་དབུ་ཁྲིད་དང་སྨན་པ་གཅིག་བཅས་རྒྱ་ནག་པེ་ཅིང་དང་བོད་དུ་གདན་འདྲེན་ཞུས་ཤིང། བོད་ཀྱི་རིག་གནས་ཉམས་ཉེས་ལས་སྐྱོབ་ཆེད་སྤྱི་ལོ་༡༩༨༧ ཙམ་ནས་གཞིས་ཀ་རྩེར་“སྤེན་གཞུང་བོད་སྨན་སློབ་གྲྭ་”ཞེས་པ་ཞིག་གསར་འཛུགས་བྱས་ནས་འགྲོ་གྲོན་ཚང་མ་སུད་སི་རྒྱ་གྲམ་དམར་པོའི་ཚོགས་པས་འགན་ཁུར། ཐོག་མའི་ཆར་སློབ་མ་ལྔ་བཅུ་ཙམ་བསྡུས་ནས་བོད་ཀྱི་གསོ་བ་རིག་པས་གཙོས་བོད་ཀྱི་རིག་གནས་ལ་ཆེད་སྦྱོང་བྱེད་པའི་སློབ་གྲྭ་དེ་བསྐྲུན་ཐུབ་པ་བྱུང་ཡོད་པ་མ་ཟད། རིག་གནས་གསར་བརྗེ་ཟེར་བ་མཇུག་བསྒྲིལ་ནས་རྒྱ་གཞུང་གི་སྲིད་བྱུས་ཅུང་གུ་ཡངས་བཏང་བའི་རྗེས་སུ་བོད་ནང་བོད་སྨན་གྱི་སློབ་གྲྭ་ཆེས་ཐོག་མ་དེ་ཆགས་ཡོད།

དེའི་རྗེས་སུ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང། ང་ཕོད་ངག་དབང་འཇིགས་མེད་མཆོག་གཉིས་ཀྱིས་མཐུན་འགྱུར་གནང་བ་དང་འབྲེལ། གུས་པས་ས་ཆ་བདམས་པ་མ་ཟད། སློབ་གྲྭའི་མིང་ཡང་བཏགས་ནས་བོད་ལྷོ་ཁ་ཆོས་རྒྱལ་སྲོང་བཙན་གྱི་བང་སོའི་ཉེ་འགྲམ་དུ་“ལྷོ་ཁ་འཕྱོངས་རྒྱས་སྲོང་བཙན་བོད་སྨན་སློབ་གྲྭ་”ཞེས་པ་ཞིག་གསར་འཛུགས་བྱས་ཤིང། སློབ་མའི་གྲངས་དང་སློབ་ཚན་སོགས་སྤེན་གཞུང་བོད་སྨན་སློབ་གྲྭ་དང་གཅིག་མཚུངས་བྱུང་ཡོད། ཐོག་མའི་ཆར་སློབ་གྲྭ་དེ་གཉིས་ནས་སློབ་ཐོན་པ་རྩེ་གྲས་རྣམས་ལ་གཞུང་གིས་ལས་ཀ་སྤྲོད་རྒྱུ་བོད་ལྗོངས་འཕྲོད་བསྟེན་ལས་ཁུངས་ནས་ཁས་ལེན་ཐག་གཅོད་བྱུང་ཡོད་ཀྱང། ༧པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་རྗེས་ཁ་དན་ཚིག་ལ་མ་གནས་པར་བརྟེན། སློབ་གྲྭ་དེ་གཉིས་མུ་མཐུད་རྒྱུར་དཀའ་ངལ་འཕྲད་ཡོད། དེའི་རྗེས་སུ་མངའ་རིས་གངས་རིན་པོ་ཆེའི་ཉེ་འགྲམ་དུ་“གངས་དཀར་ཏི་སེ་བོད་སྨན་སློབ་གྲྭ་”ཞེས་པ་ཞིག་གསར་འཛུགས་བྱས་ཤིང། རྗེས་སུ་སུད་སིར་གནས་སྡོད་མངའ་རིས་ཚོགས་པར་རྩིས་སྤྲོད་ཞུས་ནས། ཁོང་རྣམ་པའི་ལས་དོན་མཇུག་སྐྱོང་གནང་བཞིན་ཡང། ལོ་ཤས་སྔོན་ས་གནས་གཞུང་གིས་གཞུང་བཞེས་བཏང་ནས་མུ་མཐུད་ཐུབ་མི་འདུག གང་ལྟར་མདོར་བསྡུས་ན་བོད་མི་རིགས་ལ་ཤེས་ཡོན་གྱི་ཐོག་ནས་རང་ཉིད་ཀྱི་འཇོན་ནུས་ལ་གཞིག་པའི་རོགས་སྐྱོར་ཞུས་དང་ཞུ་བཞིན་ཡོད།

བོད་ནང་དུ་དབང་པོ་སྐྱོན་ཅན་དང་འབྲེལ་བའི་རིགས་ལ་རོགས་སྐྱོར་སྔ་རྗེས་ཡང་ཡང་བྱས་པ་དང་ད་ལྟའི་ཆར་ཡང་མུ་མཐུད་བྱེད་བཞིན་ཡོད། དེ་བཞིན་ཞིང་འབྲོག་ས་ཁུལ་གྱི་ཁྱིམ་ཚང་སྐྱོ་པོ་གང་མང་ལ་རོགས་སྐྱོར་བྱས་ནས་ཕན་ཐོགས་བྱུང་ཡོད་ལ། དཔེར་ན་ཀོང་པོའི་ས་གནས་ཤོག་ཁ་ཞེས་པའི་ཞིང་པ་རྣམས་ཀྱི་སྟོན་ཐོག་རྔ་བསྡུའི་འཕྲུལ་ཆས་སྲིད་གཞུང་གིས་གླ་གཏོང་གི་ཡོད་པ་དང་གླ་འབབ་ཀྱང་ཆེན་པོ་ཡིན་པས་ཞིང་པ་རྣམས་ལ་དཀའ་ངལ་ཡོད་ཀྱང། རྗེས་སུ་ཕྲན་གྱིས་ཐབས་འཚོལ་བརྒྱུད་རྒྱ་སྒོར་འབུམ་གསུམ་གྱིས་རོགས་སྐྱོར་བྱས་ནས་སྟོན་ཐོག་རྔ་བསྡུའི་འཕྲུལ་ཆས་ཉོས་པ་དང། དེ་དག་གིས་སྣུམ་རིན་དང་འཕྲུལ་ལས་པའི་གླ་ཆ་ཙམ་ལས་མ་བླངས་པར་བརྟེན། ཉེ་འགྲམ་གྱི་གྲོང་པ་བརྒྱད་དགུ་ཞིག་གི་སྟོན་ཐོག་འདེབས་ལེན་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་སོགས་བོད་ནང་གི་བོད་མི་ཚོའི་འཚོ་བ་དངོས་ཀྱི་ཐོག་ལ་རོགས་སྐྱོར་ཞུ་ཐུབ་པ་བྱུང་ཡོད།

དེ་བཞིན་བོད་ནང་གི་དགོན་པ་ཆེ་ཁག་ལ་རོགས་སྐྱོར་བྱེད་མཁན་མང་ཡང། ཆུང་ཁག་ལ་རོགས་རམ་མ་ཐོབ་པའི་དཀའ་ངལ་གང་མང་ཡོད་པར་བརྟེན་དགོན་པ་ཆུང་ཁག་མང་པོར་རོགས་རམ་བྱེད་ཐུབ་པ་བྱུང་ཞིང། བོད་བསྟན་སྲིད་བདེ་ཐབས་དང་བོད་མི་རིགས་ཀྱི་སྤྱི་མཐུན་བསོད་ནམས་གོང་དུ་འཕེལ་ཆེད་ཆོས་ཕྱོགས་དང་འབྲེལ་བའི་ལས་དོན་རླབས་ཆེན་ཁག་ཅིག་ཀྱང་ད་ལྟ་སྒྲུབ་མུས་སུ་ཡོད་པ་རེ་རེ་བཞིན་ཞུ་འོས་མ་མཆིས་ཀྱང། མདོར་ན་ད་བར་ཆོས་ཕྱོགས་ནས་ཞབས་འདེགས་ཀྱང་མི་ཉུང་བ་ཞིག་ཞུ་ཐུབ་པ་བྱུང་ཡོད།

སྤྱི་ལོ་༡༩༨༥ ལོར་བོད་དུ་བསྐྱོད་སྐབས་ཨ་རིའི་བརྙན་འཕྲིན་གསར་འགྱུར་བརྒྱུད་ལམ་CBS ཡི་གསར་འགོད་ཚོགས་ཆུང་ཞིག་བོད་དུ་སླེབས་ནས་ཕྲན་ལ་བཅར་འདྲི་བྱས་པར། ཕྲན་གྱིས་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་གནད་དོན་ཐག་གཅོད་ཡག་པོ་ཞིག་མ་གནང་ན་བོད་མི་རིགས་ཀྱིས་བོད་དོན་འཐབ་རྩོད་དེ་ལོ་བརྒྱ་འགོར་ཡང་མཚམས་འཇོག་གི་མ་རེད། ཅེས་ལན་འདེབས་བྱས་ཡོད་པ་དང། སྐབས་དེའི་བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཨང་དང་པོ་དང། བོད་རིགས་ཀ་ཤོད་པའི་སྲས་འཇམ་དབྱངས་ཆོས་རྒྱལ་བཅས་ལ་བཅར་འདྲི་དང། ཕྱིས་སུ་གསར་འགོད་པ་དེ་དག་བཞུགས་སྒར་དུ་བཅར་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལའང་བཅར་འདྲི་ཞུས་འདུག་པ་བཅས་མཉམ་དུ་ཆེད་སྒྲིག་ལེ་ཚན་གཟིགས་འབུལ་ཞུས་པ་དེ་ད་ལྟའང་བལྟ་ཆོག་ཆོག་ཏུ་ཡོད་པ་རེད། ངས་སྐད་ཆ་འདི་དག་ལྷ་ས་ནས་བཤད་པ་ཞིག་ལས། སུད་སི་ནས་སྟོང་གཏམ་བརྗོད་པ་ཙམ་ཞིག་གཏན་ནས་མ་རེད།

བོད་ནང་གི་ཆབ་སྲིད་བཙོན་པའི་ནང་མི་ལ་དཔལ་འབྱོར་གྱི་རོགས་སྐྱོར་དང་དངོས་སུ་བཙོན་གྲོལ་ཐོབ་ཐབས་བྱེད་མཁན་གྱི་ཕྱི་སྡོད་བོད་མི་ཐོག་མ་དེ་ང་ཡིན་པ་དང། དཔེར་ན་ཆབ་སྲིད་བཙོན་པ་སྟག་སྣ་འཇིགས་མེད་བཟང་པོ་ལགས་དང། བཙུན་མ་ངག་དབང་གསང་སྒྲོལ་ལགས། བཙུན་མ་ཕུན་ཚོགས་ཉི་སྒྲོལ་ལགས་སོགས་ཨ་རི་བ་སྐུ་ཞབས་Mr. John Kamm དང་ངེད་གཉིས་མཉམ་འབྲེལ་གྱིས་ལས་དོན་བསྒྲུབས་ནས་གྲུབ་འབྲས་ཐོན་པ་ཞིག་ཡིན་པ་འབྲེལ་ཡོད་ཚོས་ཤེས་གསལ་དུ་གྱུར་ཡོད། ཨ་རི་བ་Mr. John Kamm ཁོང་ཉིད་དང་ད་ལྟའི་ཆར་ཡང་ལོ་ལྟར་ཐེངས་རེ་ཟུང་རེ་ཐུག་འཕྲད་ཀྱིས་སྒྲུབ་དགོས་པའི་བྱ་བ་ཁག་ཅིག་སྒྲུབ་བཞིན་ཡོད།

གསར་ཤོག་དེའི་ནང་འཁོད་པ་བཞིན་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་༦༠ འཁོར་བའི་མཛད་སྒོ་དེར་མགྲོན་འབོད་ལྟར་སུད་སི་དང། ཨོ་སི་ཊོ་ལི་ཡ། དབྱིན་ཡུལ། བལ་ཡུལ་སོགས་ནས་བོད་མི་༡༣ ཙམ་ཡོད་པ་ལྟར་གུས་པ་ཡང་སྐབས་དེར་སོང་ཞིང། མཛད་སྒོའི་ཐོག་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགོ་གཙོ་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་དོན་ཚན་ལྔ་ཅན་ཞིག་རྒྱ་སྐད་ཀྱི་ཐོག་ནས་གཏམ་བཤད་བྱས་སོང་ཡང། སྐབས་དེར་བོད་སྐད་ཀྱི་སྐད་སྒྱུར་བ་མེད་སྟབས་གསལ་པོ་ཤེས་རྟོགས་བྱུང་མ་སོང།

མཛད་སྒོ་གྲོལ་ནས་ཉིན་གཉིས་པའི་དགོང་མོའི་གསོལ་སྟོན་སྟེང་བོད་རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་དབུ་ཁྲིད་གཞོན་པས། མཛད་སྒོའི་སྟེང་གི་ཀྲུའུ་ཝེ་ཆོན་གྱི་གསུང་བཤད་དོན་ཚན་ལྔ་དེ་བོད་སྐད་ཐོག་ནས་བསྐྱར་བཤད་བྱས་སོང་བ་དང། གཙོ་བོ་དོན་ཚན་ལྔ་པ་དེ་ཏཱ་ལའི་རུ་ཚོགས་རྩ་མེད་གཏོང་དགོས་ཟེར་བ་སོགས་༧གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་རེད་འདུག གཏམ་བཤད་གྲུབ་མ་ཐག་དབྱིན་ཡུལ་དུ་གནས་བཞུགས་ཨ་དཀོན་རིན་པོ་ཆེས་དོན་ཚན་ལྔ་རེ་རེ་བཞིན་ལན་འདེབས་དང། གཙོ་ཆེ་ཤོས་དོན་ཚན་མཐའ་མ་དེར་ཁོང་གིས། ང་བོད་པའི་བླ་མ་ཆུང་ཆུང་ཞིག་གི་མིང་ཁུར་ནས་ལས་ཀ་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ༧གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་རྒྱུ་དང། སྐྱག་རྫུན་ཤོད་རྒྱུའི་རིགས་དེ་ངས་ད་བར་བྱེད་མ་མྱོང། མ་འོངས་པར་ཡང་ངའི་མི་ཚེའི་ནང་རྩ་བ་ཉིད་ནས་བྱེད་རྩིས་མེད་ཅེས་སོགས་གསུངས་ནས། མཇུག་ཏུ་ཁོང་གིས་རྟ་སྲས་ཚུལ་ཁྲིམས་ལགས་ཀྱིས་ཚིག་ཁ་ཤས་བཤད་ན་ང་དགའ་པོ་ཡོང་ང། ཞེས་གསུངས་སོང་བས། ཕྲན་གྱིས་གཏམ་བཤད་བྱ་རྒྱུའི་རེ་བ་བཏོན་ཡང་བོད་ལྗོངས་འཐབ་ཕྱོགས་གཅིག་གྱུར་གྱི་དབུ་ཁྲིད་གཞོན་པ་དེས་རྗེས་མ་བཤད་ཆོག་གི་རེད་ཅེས་གོ་སྐབས་སྤྲད་མ་སོང། འོན་ཀྱང་ཁོ་རང་གིས་བསྐྱར་དུ་ངས་སྐད་ཆ་ཞིག་བཤད་རྒྱུ་བརྗེད་འདུག་ཅེས།  ང་ཚོས་བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་དྲུག་ཅུ་འཁོར་བའི་མཛད་སྒོ་དང་སྟབས་བསྟུན་ནས། ཏཱ་ལའི་ཨ་རིར་སོང་བ་རེད། དངོས་གནས་བཤད་ན་འགྲོ་དགོས་དོན་ཡོད་པ་མ་རེད། དཔེར་ན་སཱ་དམ་ཧུ་སན་ཐོག་མ་ཨ་རིའི་རྐུབ་ལ་བརྒྱུགས་པ་རེད། རྗེས་མ་ཨ་རིས་བསད་པ་རེད། བྷིན་ལ་ཏེན་ཡང་གཅིག་པ་རེད། ཐའེ་ཝན་གྱི་སྲིད་འཛིན་ཁྲེན་ཧྲི་པེན་ཨ་རིའི་རྐུབ་ལ་བརྒྱུགས་པ་རེད། དེང་སྐབས་ཁོ་རང་གི་རྒྱལ་ཁབ་ཀྱི་བཙོན་ཁང་དུ་ཡོད་པ་རེད། ཏཱ་ལར་ཡང་དེ་དང་གཅིག་པ་ཡོང་རྒྱུ་རེད་ཅེས་སོགས་དཔེ་རུ་བཀོད་ནས་ཨ་རིའི་རྗེས་སུ་བརྒྱུགས་ན་མཐའ་མ་ཡོང་རྒྱུ་དེ་ལས་མེད་ཚུལ་སོགས་མཚན་སྨོད་ཞུས་སོང། སྐབས་དེར་ཕྲན་ལངས་ནས་“ཁ་སང་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་གྱི་པུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་དོན་ཚན་ལྔ་བཤད་པ་དེ། རྒྱ་སྐད་ཁོ་ན་ཡིན་པས་གསལ་པོ་གོ་མ་སོང་ཡང། དེ་རིང་ཁྱེད་ཀྱིས་བོད་སྐད་ནང་བསྐྱར་དུ་བཤད་ནས་ཧ་གོ་བས་ཧ་ཅང་བློ་ཕམ་བྱུང། ད་རེས་ཀྱི་གཏམ་བཤད་དེ། གུང་ཁྲན་ཏང་གི་ཡང་དག་པའི་དབུ་ཁྲིད་རྣམ་པའི་དགོངས་པ་རྩ་བ་ཉིད་ནས་མ་རེད། དེའི་འོག་གི་དཔོན་རིགས་ཀླད་རྙིང་མཁྲེགས་འཛིན་ཅན་ཁ་ཤས་ཀྱིས་བཟོས་པ་ཞིག་ཡིན་པ་དང། བློ་ཕམ་དགོས་པ་ཞིག་ལ་དེའི་འོག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་བོད་པ་ཁག་ཅིག་ཀྱང་རྒྱུག་གི་འདུག ༧གོང་ས་མཆོག་གི་ངོས་ནས་དུས་རྟག་ཏུ་མ་འོངས་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་བྱས་ནས་སྡོད་རྒྱུ་ལས། བོད་རྒྱ་ནག་དང་ཁ་བྲལ་གནང་རྒྱུའི་དགོངས་པ་རྩ་བ་ཉིད་ནས་བཞེས་ཡོད་པ་མ་རེད། ཕྱི་ལོགས་སུ་ཡོད་པའི་བོད་པ་ཆིག་འབུམ་ལྔ་ཁྲི་ཙམ་ཡོད་པ་མང་པོ་མ་རེད་དེ།  བོད་ནང་དུ་ཡོད་པའི་བོད་རིགས་མི་མང་བརྒྱ་ཆ་༩༩ ཙམ་གྱིས་ཀྱང་ཆོས་ལུགས་ཀྱི་ཐོག་ནས་༧གོང་ས་མཆོག་ལ་དད་གུས་ཚད་མེད་ཞུ་བཞིན་པ་དང། ཆབ་སྲིད་ཀྱི་ཐོག་ནས་དྲང་བདེན་གྱི་དགོངས་གཞི་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་པ་རེད། ༧གོང་ས་མཆོག་གིས་དགོངས་པ་རླབས་ཆེན་དེ་འདྲ་ཞིག་བཞེས་བཞིན་ཡོད་ཀྱང། བློ་ཕམ་པ་ཞིག་ལ་འདི་ནས་མཁྲེགས་འཛིན་ཅན་ཁ་ཤས་ཀྱིས་༧གོང་ས་མཆོག་རྒྱ་ནག་དང་བོད་དུ་གདན་འདྲེན་ཞུ་རྒྱུ་ཕར་ཞོག  བོད་དོན་ཞི་མོལ་གྱི་ལམ་ནས་ཐག་གཅོད་ཡོང་ཐབས་མ་བྱས་པར། གཞི་མེད་ཀྱི་མཚན་སྨོད་དང་སྐུར་འདེབས་བྱེད་བཞིན་ཡོད་པ་རེད། རྒྱ་ནག་དབུས་གཞུང་གིས་རྒྱ་བོད་ཀྱི་གནད་དོན་ཞི་བའི་ལམ་ནས་འགྲིག་འཇགས་གནང་བ་ཡིན་ན་རྒྱ་བོད་མི་རིགས་གཉིས་ཀྱི་མཐུན་སྒྲིལ་ཡུན་གནས་ཡོང་ཐབས་དང། ད་དུང་ཤིན་ཅང་དང་། སོག་པོ་སོགས་ཀྱི་གནས་ཚུལ་ཐག་གཅོད་ཡོང་བར་ཡང་ཕན་ཐོགས་ཡོད་པ་ལས། གནོད་སྐྱོན་ཡོད་པ་མ་རེད།”ཅེས་བཤད་པ་སྐབས་དེར་ཡོངས་གྲགས་ཆགས་ཡོད། རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་གྱི་དབུ་ཁྲིད་གཞོན་པས་ཨོ་སི་ཊོ་ལི་ཡ་ནས་ཡོང་བའི་འཕྲིན་ལས་རིན་ཆེན་ལགས་སུ་ཁྱེད་ལ་བསམ་ཚུལ་ག་རེ་ཡོད་ཅེས་དྲིས་པར། འཕྲིན་ལས་རིན་ཆེན་ལགས་ཀྱིས་ངས་སྐད་ཆ་མང་པོ་བཤད་ན་དུས་ཚོད་འཕྲོ་བརླགས་རེད། ཨ་དཀོན་རིན་པོ་ཆེ་དང་རྟ་སྲས་ཚུལ་ཁྲིམས་ལགས་གཉིས་ཀྱིས་བཤད་པ་དང་ངའི་བསམ་ཚུལ་གཅིག་མཚུངས་ཡིན་ཞེས་བརྗོད་སོང། དེ་བཞིན་རྒྱལ་དབང་༧སྐུ་ཕྲེང་བཅུ་གསུམ་པའི་ཡབ་གཞིས་གླང་མདུན་སྲས་དཔལ་ལྡན་རྣམ་རྒྱལ་ལགས་ཀྱང། དུས་རྒྱུན་བོད་མི་རིགས་ལ་ཕན་པའི་བྱ་བ་ཞིག་ལས། དངོས་ཤུགས་བརྒྱུད་གསུམ་ནས་གནོད་པའི་བྱ་བ་རྩོམ་མཁན་ཞིག་མིན་པ་རྒྱུས་ཡོད་ཀྱི་ཐོག་ནས་ཐག་བཅད་དེ་བཤད་ཆོག་པ་ཞིག་རེད།

འདི་དག་ཚང་མ་༧གོང་ས་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གང་དང་ཡང་འགལ་མེད་པ་མ་ཟད། གུས་པས་མི་ལོ་༣༠ མ་ཟིན་ཙམ་གྱི་རིང་བོད་མི་རིགས་ལ་དོན་དམ་གྱིས་ཞབས་འདེགས་ཞུས་པ་དང། དེ་ཡང་གཙོ་ཆེ་ཤོས་བོད་ནང་དུ་ཞབས་འདེགས་ཞུས་པ་ཡིན། སྤྱིར་གུས་པ་སུད་སིའི་མི་སེར་གྱི་ལག་འཁྱེར་བཟུང་ནས་བོད་དུ་འགྲོ་མཁན་ཞིག་ཡིན་ནའང། བོད་ནང་དུ་ལས་ཀ་བྱེད་དགོས་དུས། རྒྱ་ནག་གཞུང་ཚབ་ཏུ་མ་བསྐྱོད་པར་འགྲོ་ཐབས་མེད་པ་ཚང་མས་ཤེས་གསལ་ལྟར་ཡིན། གུས་པས་བོད་ནང་དུ་བོད་མི་རིགས་ལ་དངོས་སུ་ཕན་པའི་ལས་ཀ་གང་མང་བྱེད་ཐུབ་པ་དང། གང་མང་བྱ་རྒྱུའི་གོ་སྐབས་ཡོད་པ་དེ་གཡུགས་དགོས་པའམ། ཡང་ན་སུད་སིར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་དུ་འབྲེལ་བ་མི་བྱེད་རྒྱུ་གཉིས་ཀྱི་ཡང་ལྗིད་བསྡུར་སྐབས་ཕྱོགས་ཡོངས་ནས་ལམ་ཁ་སྔོན་མ་དེ་ཕན་ནུས་ཆེ་བ་ཡོད་པ་སྔ་ཕྱིར་བསམ་ཞིབ་ཡང་ཡང་བྱས་ནས་ཐག་གཅོད་བྱས་པ་ཞིག་ཡིན།

ཉེ་ཆར་ཕྱི་ཟླ་༢ ཚེས་༢༣ ཉིན་བོད་མདོ་སྨད་མཚོ་སྔོན་ནས་བོད་ཀྱི་ཟློས་གར་ཚོགས་པ་ཞིག་སུད་སིར་སླེབས་ནས་ཕྲན་བཟའ་མི་གཉིས་བཅར་བའི་སྐབས། མི་རབས་གསར་པ་ཟེར་བའི་ཚོགས་པ་དེའི་མི་རེ་ཟུང་དང་སུད་སི་བོད་རིགས་ཚོགས་པའི་ཚོགས་ཟུར་ཀརྨ་བློ་གྲོས་པང་རིང་བཅས་ཀྱིས་བཀག་འགོག་བྱས་ཤིང། སྐབས་དེར་ང་ཚོས་ལོ་གཉིས་རྒྱ་ནག་གཞུང་ཚབ་ཀྱི་སྐུ་མགྲོན་དུ་བོད་མི་སུ་གཅིག་འགྲོ་མི་ཆོག་ཅེས་ཁྱབ་བསྒྲགས་བྱས་པ་ཡིན་སོགས་ཟེར་ལ། ཕྲན་གྱིས་ངས་མི་ལོ་༣༠ ཙམ་བོད་ནང་དུ་ལས་ཀ་བྱས་པ་ཡིན། དེ་དང་ཁྱེད་ཚོས་ལོ་གཉིས་ཙམ་གྱི་རིང་ཁྱབ་བསྒྲགས་བྱས་པ་དང་གང་གལ་ཆེ་ཡི་རེད་ཅེས་བརྗོད་པ་ཡིན། དོན་དངོས་ཐོག་རྒྱས་བཤད་མི་དགོས་པར་སྐབས་དེ་དུས་ལོ་གསར་ཡིན་མིན་ཚང་མས་ཤེས་གསལ་ཡིན་ལ། མི་རབས་གསར་པའི་ཚོགས་པ་ཟེར་བ་དེས། འགྲེལ་བརྗོད་བྱས་པ་ལྟར་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ཁམས་སྐད་ནང། གསར་འགོད་པ་ཆོས་སྐྱིད་ཅེས་པས་ཕྱོགས་གཅིག་གི་གནས་ཚུལ་རྒྱང་བསྲིངས་བྱས་སོང་བར། རྗེས་སུ་འགྲེལ་བརྗོད་བྱས་པ་བརྒྱུད་དགོངས་སེལ་དང་སྦྲགས་བསྐྱར་དུ་གསལ་བཤད་བྱེད་རྒྱུའི་ཁས་ལེན་བྱས་སོང་ཡང། ད་བར་ཕྱིར་བསྒྲགས་བྱས་པ་གོ་མ་སོང། གནད་དོན་འདི་དག་གི་བྱེད་པོ་མི་རབས་གསར་པའི་ཚོགས་པ་ཟེར་བ་དེ་ཡིན་པས། དོན་དངོས་ཐོག་མི་དེ་དག་གིས་བོད་སྤྱི་པའི་རྩ་དོན་སྒྲུབ་ཐུབ་པ་ལྟ་ཅི། ཐ་ན་ལུང་པ་འདིའི་ཟ་སྐད་འཐུང་སྐད་ཡག་པོ་ཞིག་ཤེས་ཐུབ་མིན་དང། རང་ཉིད་སུད་སིར་གནས་སྡོད་ཆོག་པའི་ལག་ཁྱེར་ཚད་ལྡན་ཞིག་ཡོད་མེད་ཀྱང་ད་ལྟ་ཐེ་ཚོམ་གྱི་གནས་ཡིན་ཡང། འདི་ལྟར་མི་སྒེར་ལ་མིང་ཤས་ཆེད་བཟོ་བྱེད་པ་འདི་ནི། བོད་པ་ནང་ཁུལ་གྱི་རྡོག་རྩ་གཅིག་སྒྲིལ་ལ་གཏོར་བཤིག་གཏོང་ཆེད་མི་ངན་རེ་ཟུང་ཞིག་གིས་ཆེད་དུ་རྒྱུད་སྐུལ་བྱས་པ་ཞིག་ཡིན་པས། ད་ལན་ཁྲིམས་ཐོག་ནས་བརྡ་འདེད་མི་བྱེད་པར་ནང་ཁུལ་དུ་གསལ་བཤད་ཙམ་ཞུས་པ་ཡིན་པས། བོད་ཕྱི་ནང་གཉིས་ཀྱི་བོད་རིགས་ལྷག་བསམ་ཅན་རྣམས་ཀྱིས་དེ་ལུགས་དགོངས་མངའ་ཡོང་བ་ཞུ།།

ཞེས་ཕྲན་སུད་སི་གནས་སྡོད་རྟ་སྲས་ཚུལ་ཁྲིམས་ཆོས་འཕེལ་གྱིས་ཕྱི་ལོ་༢༠༡༣ ཟླ་༤ ཚེས་༨ ཉིན་བྲིས།

Share this:
༡༩༧ ཀློག་གྲངས།