བཀའ་ཁྲིའི་འོས་གཞི་རུ་མི་འདི་དག་འོས་སམ།

བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་ནི།

བཙན་བྱོལ་བོད་གཞུང་གི་ལས་བྱེད་དམའ་རིམ་ནས་ཐེག་པ་རིམ་འཛེགས་ཀྱིས་ཕྱག་ལས་གནང་བ་དང༌། གཞོན་ནུའི་དབུས་རྒྱུན་ལས་དང༌། བཀའ་བློན་གྱི་ཕྱག་ལས་ལོ་བཅོ་བརྒྱད་རིང་གནང་མྱོང་ཡོད་པས་བཙན་བྱོལ་ནང་བཀའ་བློན་གྱི་ཕྱག་ལས་གནང་བ་རྒྱུན་རིང་ཤོས་དེ་ཆགས་ཡོད།  དེའི་རྗེས་སུ་ལྡི་ལི་དོན་གཅོད་དང༌། ཨ་རིའི་དོན་གཅོད་ཀྱི་ཕྱག་ལས་གནང་ཡོད་པ་དང༌། ད་ལྟའི་ཆར་ཡོ་རོབ་ཀྱི་ས་ཁུལ་སྦར་སིལ་དུ་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་བཞིན་ཡོད།

 

གཉིས་པ་བཀའ་ཟུར་པདྨ་ཆོས་འབྱོར་མཆོག་ནི།

ཅན་དྷི་གྷར་མཐོ་སློབ་ཐོན་རྗེས་ཅན་དྷི་གྷར་དུ་ཡོད་པའི་པན་ཇབ་མཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་ཕྱག་ལས་གནང་བ་དང༌། ས་གནས་གཞོན་ནུ་དབུས་གཞོན་ནུའི་རྒྱུན་ལས་ལོ་མང་གནང༌། ཕྱིས་སུ་སྐབས་བཅུ་གཅིག་དང་བཅུ་གཉིས་སུ་བོད་མི་མང་གི་སྤྱི་འཐུས་སུ་འདེམས་ཐོན་གྱིས་ཕྱག་ལས་གནང་བ་དང༌། སྐབས་བཅུ་གཉིས་པའི་སྤྱི་འཐུས་ཀྱི་འགན་ཁུར་བཞེས་བཞིན་པའི་མུར་༸གོང་ས་མཆོག་གིས་བཀའ་བློན་གྱི་འོས་མིག་ཏུ་བསྐོ་བཞག་གནང་བ་ལྟར་བཀའ་བློན་དུ་འདེམས་ཐོན་དུ་བྱུང་ནས་བདེ་སྲུང་བཀའ་བློན་གྱི་ཕྱག་ལས་གནང་ཞིང་ད་ལྟའི་ཆར་ཨ་རིའི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང༌། ཨེ་ཤ་ཡའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱུན་ལས་ཀྱི་འགན་ཁུར་བཞེས་བཞིན་ཡོད།

 

གསུམ་པ། བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་ནི།

བོད་ཀྱི་གཞོན་ལྷན་གྱི་ས་གནས་དང་དབུས་རྒྱུན་གྱི་ཕྱག་ལས་ལོ་མང་གནང་བ་དང༌། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གྱི་ལས་ཁུར་རྒྱུན་རིང་བཞེས། རྗེས་སུ་སྐབས་བཅུ་བཉིས་པའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་ལྟར་ལས་ཁུར་ཞུས་པ་མ་ཟད། སྐབས་བཅུ་གཉིས་པའི་བཀའ་བློན་དུ་བསྐོ་བཞག་གནང་བ་ལྟར་དཔལ་འབྱོར་ལས་ཁུངས་དང༌། འཕྲོད་བསྟེན་ལས་ཁུངས། དྲིལ་བསྒྲགས་ལས་ཁུངས་སོགས་ཀྱི་བཀའ་བློན་གནང༌། ད་ལྟའི་ཆར་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་བཞིན་ཡོད་པ་རེད།

 

           སྤྱིར་ད་ལྟའི་ཆར་མཁས་དབང་གི་མཚན་གནས་ཡོད་མཁན་ཞིག་དགོས་གལ་ཆེ་ཚུལ་དང་བུད་མེད་ཅིག་དགོས་གལ་སོགས་གསུང་མཁན་མང་པོ་ཡོད་པ་བདེན་པ་ཡིན་ཡང༌། དོན་དངོས་བཙན་བྱོལ་བོད་གཞུང་གི་ལས་དོན་ལ་རྒྱུས་མངའ་ཡོད་པའི་ཐོག ཐག་གཅོད་བྱེད་ཕོད་པའི་བློ་སྟོབས་ཡོད་པ། རང་དོན་ཤས་ཆུང་ཞིང་ཕྱོགས་ཞེན་གྱི་དྲི་མ་མེད་པ། བོད་ཀྱི་སྐད་ཡིག་དང་དབྱིན་སྐད་དང་ཧིན་སྐད་སོགས་ལ་བྱང་ཆུབ་པ། མི་ཚེའི་ལོ་རྒྱུས་ནང་ནོར་འཁྲུལ་གྱི་ནག་ཐིག་གང་ཡང་མེད་པ་ཞིག་དགོས་པ་ཧ་ཅང་གལ་ཆེ་བས་གོང་གི་མི་སྣ་དེ་དག་གི་ནང་ནས་གང་རུང་ཞིག་བཀའ་བློན་ཁྲི་པར་འདེམས་ཐུབ་ན་ལེགས་པར་སྣང༌། འདི་ང་རང་སྒེར་གྱི་བསམ་ཚུལ་ཙམ་ཡིན་པས་དྲ་གྲོགས་རྣམ་པས་དགོངས་འཆར་ལྷུག་སྩོལ་ཡོང་བའི་རེ་བ་ཡོད།

 

Share this:
༤༥ ཀློག་གྲངས།