ཚིག་འདི་ཡང་རྒྱང་འཕུད་གཏོང་རན་འདུག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༣༥ ཕྱི་ལོ་ ༢༠༡༣/༤/༢༤
བཙན་བྱོལ་ནང་རང་བཙན་གྱི་ལངས་ཕྱོགས་མཁྲེགས་ཤོས་སུ་བརྩི་བའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལྷོ་ཕྱོགས་ཀྱི་ས་རྒྱུན་ཁག་དང། བྱང་ཤར་གྱི་ས་རྒྱུན་ཁག་བཅས་ཀྱིས་ས་གནས་སོ་སོར་ཚོགས་འདུ་འཚོགས་ཡོད་འདུག་པ་དང། བྱང་ཕྱོགས་ཁུལ་གྱི་ས་གནས་གཞོན་ནུའི་རྒྱུན་ལས་ཁག་གིས་ཀྱང་ཚོགས་འདུ་ཞིག་རིང་མིན་འཚོག་འཆར་ཡོད་འདུག

ཁ་ཅིག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་བསྒྱུར་དགོས་ཚུལ་ཤོད་ཀྱི་ཡོད་ཚུལ་འདུག དབུས་གཞོན་ནུ་ལྷན་ཚོགས་དེ་ཚོགས་ཆེན་ཐོག་འོས་བསྡུའི་ལམ་ནས་འདེམས་བསྐོ་བྱེད་དགོས་པ་ཞིག་ཡིན་པས། ས་གནས་རྒྱུན་ལས་ཚང་མས་ཐག་གཅོད་ག་རེ་བྱས་པ་དེའི་འགྲོས་དང་བསྟུན་ནས་དབུས་ཀྱིས་ཛ་དྲག་ཚོགས་འདུ་འཚོགས་པའམ་ལམ་ཁ་ཞིག་ངེས་པར་དུ་འཚོལ་དགོས་ངེས་རེད་སྙམ།

ད་ལྟའི་ཆར་སྤྱི་ཚོགས་ནང་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་དག་གིས་མ་འགྲིག་པ་དང། ལྷག་པར་དུ་ལངས་ཕྱོགས་དེ་འཚེ་མེད་ཞི་བ་ལས་བརྒལ་འགྲོ་བའི་ལངས་ཕྱོགས་ཤིག་ཡིན་ཚུལ་ལྟ་བུའི་ལྟ་སྟངས་འཛིན་མཁན་ཡོད་པ་སོགས། ཕྱོགས་ཡོངས་ནས་དབྱེ་ཞིབ་ཅིག་བྱས་ན་ལམ་ཁ་གཉིས་མ་གཏོགས་མེད་པ་དང། ལམ་ཁ་གཅིག་ནི་ད་ནས་བཟུང་བོད་རང་བཙན་གྱི་ལས་འགུལ་དང་འབོད་ཚིག་ཙམ་ཡང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གྲགས་འགུལ་མེད་པ་བཟོས་ཏེ། དབུ་མའི་ལམ་ཁོ་ན་ལ་བརྟེན་ནས་དུས་ཚོད་རྒྱས་བཅད་ནང་བོད་ལ་རང་དབང་གི་ཉི་མ་འཆར་ཐུབ་པར་ཁ་ཚོན་བཅད་ནས་བཤད་ཐུབ་མཁན་ཡོད་ན། རང་བཙན་ཞེས་པའི་མིང་ཚིག་ཀྱང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་རྒྱང་འཕུད་བཏང་ཡང་རྒྱུ་མཚན་མེད་པ་ཞིག་མ་རེད།

དེ་དང་ཆབས་གཅིག་ཏུ་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་གྱི་ཚོགས་སྡེ་ཁག་གི་ལངས་ཕྱོགས་བསྒྱུར་དགོས་པའམ། ཡང་ན་ཚོགས་པ་དེ་དག་གཏན་ནས་དགོས་གལ་མེད་པ་ཞིག་ཏུ་བརྩི་དགོས་ཀྱང་བསམ་བློ་གཏོང་མི་འོས་པ་ཞིག་མ་རེད། མི་སྒེར་སོ་སོའི་བོད་རང་བཙན་སླར་གསོ་དགོས་པའི་ལངས་ཕྱོགས་མཐའ་འཁྱོངས་བྱེད་འདོད་ཡོད་པ་ཚོས། སྒེར་གྱི་ཆབ་སྲིད་ལངས་ཕྱོགས་དམ་འཛིན་བྱས་ནས་དོན་དངོས་གྲུབ་འབྲས་ཡོད་མེད་བཤད་དཀའ་ཡང། སྤྱི་ཚོགས་ཀྱི་གྲུ་ཟུར་ཞིག་ནས་མི་མངོན་པའི་ཚུལ་གྱིས་སྡུག་གི་མཆི་མ་ལྐོག་འཐུང་བྱས་ནས་སྡོད་རྒྱུ་ལས་མེད་པ་དང། བོད་དོན་འཐབ་རྩོད་ཀྱི་ཐོག་ནས་གྲུབ་འབྲས་མ་ཐོན་པའི་ལག་པ་འཕྱི་ས་ཁོ་ན་བྱ་རྒྱུ་ལས་གདམ་ཀ་འདི་ཉིད་དང་དུ་མི་ལེན་ཀ་མེད་དུ་གྱུར་སོང་བ་རེད།

ལམ་ཁ་གཅིག་དེ་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་མང་གཙོའི་སྤྱི་ཚོགས་ཤིག་ཏུ་གོམ་པ་སྤོ་བཞིན་ཡོད་སྟབས། སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་གཅིག་པ་འཛིན་ཆོག་པ་དང། དེ་ལ་བརྟེན་ནས་བོད་དོན་འཐབ་རྩོད་བྱེད་པའི་ཁ་ཕྱོགས་ཀྱང་མི་འདྲ་བ་ཡོད་པ་དེ་དག་ཚང་མ་རྩ་དོན་འཐབ་རྩོད་ཀྱི་ཐབས་ལམ་ཉག་གཅིག་ཡིན་པར་ངོས་འཛིན་བྱེད་ཐུབ་པ་ཞིག་དགོས། དེ་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཞུང་ལ་རྒྱབ་བསྙེས་ནས་མི་སྡོད་པར། རང་ཉིད་ཀྱི་ཆབ་སྲིད་ལྟ་གྲུབ་དང་ལངས་ཕྱོགས་བརྟན་པོ་བཟུང་ནས་བོད་དོན་འཐབ་རྩོད་བྱས་ཀྱང་ལམ་ཁ་ཡོད་དགོས་པ་དང། གོ་སྐབས་ཀྱང་ཡོད་དགོས་པ་ཞིག་རེད། དེ་ལྟར་བྱས་ན་རིམ་གྱིས་རྩ་དོན་གྱི་ཐོག་ལ་མི་ཚང་མས་འགན་ཁུར་ཡོད་པ་ལྟ་བུར་གྱུར་པ་རེད།

ལམ་ཁ་འདིར་བསྐྱོད་ཐུབ་ན་ཚོགས་སྡེ་ཁག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་མི་གཅིག་ཀྱང་ཕན་ཚུན་གུས་བཀུར་དང། ཡིད་ཆེས་སླེབས་ཐུབ་པ་སོགས་ཀྱི་ཐོག་ནས་ཕན་ཐོགས་ཡོད་ལ། མང་གཙོའི་ཕྱོགས་སུ་གོམ་པ་སྤོ་བཞིན་པའི་སྤྱི་ཚོགས་ཤིག་ཡིན་པའི་ངོས་ནས་བཤད་ན་ལྟ་གྲུབ་མི་གཅིག་པ་དང། ལངས་ཕྱོགས་མི་གཅིག་པ་མང་པོ་ཡོང་ངེས་ཡིན་པས། ལངས་ཕྱོགས་དང་བསམ་ཚུལ་ཚང་མ་གཅིག་གྱུར་གྲིས་གཏུབ་པ་ལྟ་བུ་བཟོས་ནས། འཛམ་བུ་གླིང་པ་སྤྱི་དང་བྱེ་བྲག་རྒྱ་དམར་དྲག་གཞུང་ཡང་ཡིད་ཆེས་སླེབས་ཐུབ་མིན་ཐེ་ཚོམ་སྐྱེ་གཞི་ཞིག་ཏུ་འགྱུར་སྲིད། དེར་བརྟེན་ལམ་ཁ་གཉིས་པ་འདི་ཉིད་ཀྱི་ཐོག་ཏུ་བསྐྱོད་ནས་ནུས་པ་མཉམ་སྤུངས་བྱེད་ཐུབ་པ་ཞིག་བྱུང་ན་མ་ལན་མ་འགྱོད་པའི་ཐོག་ནས་གྲུབ་འབྲས་ལ་རེ་སྒུག་བྱེད་ཆོག་པ་ཞིག་རེད།

ད་ལྟ་ང་ཚོའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་དཀའ་ངལ་ལམ་རྩོད་རྙོག་འདི་ལ་གོང་གསལ་གྱི་ལམ་ཁ་འདི་གཉིས་ལས་ཐག་གཅོད་བྱེད་པའི་ཐབས་ལམ་གཞན་ཞིག་མེད་པ་ལྟ་བུ་རེད། དེར་བརྟེན་ད་ལན་གཞུང་གི་འགོ་ཁྲིད་མཁན་དང་འབྲེལ་ཡོད་ཚོགས་སྡེ་ཁག་གི་མགོ་ཁྲིད་མཁན་ཚོས་ཀྱང་འགན་ཁུར་བའི་ཐོག་ནས་ཐབས་ཤེས་ཤིག་བྱེད་དགོས་པ་ལས། སྤྱི་ཚོགས་ཀྱི་དཀའ་ངལ་ལ་བཟུར་ནས་འགྲོ་ཐབས་མེད། འདི་ལྟར་འགན་འཁྲི་ལ་བཟུར་ནས་འགྲོ་རྐྱང་བྱས་ཏེ་དུས་ཡུན་རིང་ཙམ་སོང་ན་ནམ་ཞིག་སྤྱི་ཚོགས་ཀྱི་ན་ཚ་བཅོས་ཐབས་མེད་པའི་སྐྲན་ནད་ལྟ་བུར་འགྱུར་ངེས་པ་དང། དེ་ལ་བརྟེན་ནས་རྩ་དོན་འཐབ་རྩོད་ཀྱི་གྲུབ་འབྲས་ཐད་ནས་བཤད་ཀྱང་ལག་ཡོང་གང་ཡང་མེད་པར་འཆི་ལམ་དུ་སྐྱེལ་སྲིད་པ་རེད།།

Share this:
༡༡༡ ཀློག་གྲངས།