ཧྥ་རན་སིའི་སྲིད་འཛིན་གྱིས་རྒྱ་ནག་ཏུ་བོད་དོན་གླེང་བ།

ཨེ་ཨེབ་པི་ AFP གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་སྤེལ་བ་ལྟར་ན། ཧྥ་རན་སི་སྲིད་འཛིན་སྐུ་ཞབས་ཧོལ་ལན་ཌི་(Francois Hollande )ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༥ ཉིན་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སྐབས།

རྒྱ་ནག་གི་སྲིད་འཛིན་སྐུ་ཞབས་ཞི་ཅིང་ཕིང་དང་མཇལ་འཕྲད་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་། ལྷག་པར་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་ཧྥ་རན་སིའི་གཞུང་ལ་སེམས་ཚབ་ཡོད་སྐོར་གསུངས་ཡོད་པའི་གནས་ཚུལ་གསར་འགོད་ལྷན་ཚོགས་སུ་འགྲེལ་བརྗོད་གནང་ཡོད་པ་རེད།

 

གཞན་ཡང་ཡུ་རོབ་གསར་འགྱུར་བརྙན་འཕྲིན་ཁང་ Euro News གིས་གནས་ཚུལ་སྤེལ་གསལ་ལྟར་ན། སྲིད་འཛིན་མཆོག་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་སྐབས། བོད་མིས་རང་སྲེག་ལས་འགུལ་སྤེལ་བཞིན་ཡོད་པ་དེར་དོན་དམ་གྱི་སེམས་ཚོར་ཡོད་སྐོར་གསུངས་སྐབས། སྲིད་འཛིན་གྱིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྟ་གྲུབ་ཐོག་སྐད་ཆ་ཤོད་རྒྱུ་དེ་ཕྱོགས་གཉིས་ཀྱི་གྲོས་མོལ་ཀྱི་ཆ་ཤས་ཤིག་ཆགས་ཡོད། དེར་བརྟེན་གནད་དོན་དེ་དག་ཐོག་སྐད་ཆ་ཤོད་རྒྱུ་དེ་མ་བཤད་ཐབས་མེད་ཀྱི་ལས་འགན་ཞིག་གི་རྣམ་པའི་ཐོག་ནས་མ་བལྟས་པར། གནད་དོན་དེ་དག་ང་ཚོས་ངེས་པར་དུ་བགྲོ་གླེང་བྱས་པ་བརྒྱུད་ཕྱོགས་གཉིས་ཀྱི་གྲོས་མོལ་དེ་ཁ་རི་ཁ་ཐུག་དང་གུས་བརྩི་ལྡན་པའི་ཆབ་སྲིད་ཀྱི་གྲོས་མོལ་ཞིག་ཏུ་འགྱུར་ཐབས་བྱས་པར་ངོས་འཛིན་བྱེད་དགོས་ཞེས་གསུངས་ཡོད་པའི་གནས་ཚུལ་འདུག །

Share this:
༩༦ ཀློག་གྲངས།