ཆབ་སྲིད་བཙོན་པ་ཞིག་གློད་གྲོལ།

2013_5_2

རྒྱ་གཞུང་གིས་བཙོན་འཇུག་འོག་མི་ལོ་༢༥ མནར་གཅོད་ཚད་མེད་མྱོང་མཁན་གྱི་ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན། བཙོན་ཁང་ནས་གཟུགས་གཞི་གཅོང་ནད་ཅན་དུ་གྱུར་རྗེས་གློད་གྲོལ་བཏང་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་གནས་ཚུལ་སྤེལ་གསལ་ལྟར་ན། བོད་མི་ཆབ་སྲིད་བཙོན་པ་རྒྱ་གཞུང་གི་བཙོན་ཁང་ནང་དཀའ་སྡུག་ཡུན་རིང་ཤོས་མྱོང་མཁན་གྱི་གྲས་ཤིག་ཡིན་པ་བློ་བཟང་བསྟན་འཛིན་ལགས་རྒྱ་གཞུང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་སྟེ་ད་ལྟ་རང་ཁྱིམ་དུ་སྨན་བཅོས་བྱེད་ཀྱི་ཡོད་པ་རེད། དེ་ཡང་ཁོང་ལོ་མང་རིང་བཙོན་ཁང་ནང་དཀའ་སྡུག་ཚད་མེད་མྱངས་བར་བརྟེན། གཟུགས་པོའི་གནས་སྟངས་ཇེ་ཞན་ཇེ་སྡུག་གིས་མཁལ་མ་དང་གཅིན་སྙིའི་ནད་སོགས་ཀྱི་རྐྱེན་པས་མིག་གི་ནུས་པ་ཉམས་ཏེ། སྐབས་རེ་ལོང་བ་ལྟ་བུར་གྱུར་བའི་དཀའ་ངལ་འོག་ལྷག་ཡོད་པ་རེད།

2013_5_2ཆབ་སྲིད་བཙོན་ཟུར་བློ་བཟང་བསྟན་འཛིན་ལགས་ནི་ཕྱི་ལོ་༡༩༦༦ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་སྦྲ་ནག་ཞོལ་དུ་འཁྲུངས་པ་དང། སློབ་ཆུང་དང་སློབ་འབྲིང་བསྐྱོད་རྗེས་ཕྱི་ལོ་༡༩༨༧ ལོ་ནས་བོད་ལྗོངས་སློབ་གྲྭ་ཆེན་མོར་སློབ་ཞུགས་ཀྱི་ཕྱི་ལོ་༡༩༨༨ ལོའི་ཕྱི་ཟླ་ ༣ ཚེས ༥ ཉིན་ལྷ་སར་བོད་རང་བཙན་གྱི་སྐད་འབོད་སོགས་ཞི་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་རྒུ་ཚ་ལྟ་སྲུང་ཁང་དུ་བཙོན་འཇུག་གིས་རྒྱ་མིའི་དམག་མི་གཅིག་བསད་པ་དང་འབྲེལ་བའི་ཁྲིམས་འཁྱོག་བཙན་བཀལ་གྱི་ལོ་གཉིས་རྗེས་སྲོག་ཐོག་ཀྱི་ཁྲིམས་ཐག་བཅད་ཀྱང་། བོད་ཕྱི་ནང་གི་གནོན་ཤུགས་ལ་བརྟེན་ཕྱི་ལོ་༡༩༩༡ ལོར་སྲོག་ཁྲིམས་ཉེས་ཆད་ལས་ཚེ་བཙོན་དུ་བསྒྱུར་ཏེ་གྲྭ་བཞི་བཙོན་ཁང་དུ་བཅུག་ཡོད་པ་རེད།

ཁོང་གིས་བཙོན་ཁང་ནང་དུའང་རང་དབང་དང་དྲང་བདེན་གྱི་འཐབ་རྩོད་གནང་བཞིན་ཕྱི་ལོ་ ༡༩༩༡ ལོའི་ཟླ་༤ ཚེས་༦ ཉིན་ཁོང་དང་ཁོང་གི་ཕྱག་རོགས་ཆབ་བཙོན་བསྟན་པ་དབང་གྲགས་ལགས་རྣམ་གཉིས་ཀྱིས་ཨ་མི་རི་ཀའི་གཞུང་ཚབ་སྐུ་ཞབས་ཇེམ་སི་ལེ་ལིར་ James ལགས་གཟིགས་སྐོར་ཕེབས་སྐབས། བོད་ཡུལ་སྤྱི་དང་ལྷག་པར་ཆབ་སྲིད་བཙོན་པའི་གནས་སྟངས་ཇི་འདྲ་ཡིན་མིན་ཞིབ་ཕྲ་འཁོད་པའི་སྙན་ཞུ་ཞིག་ཁོང་ལ་ཕུལ་བའི་ཉེས་མིང་འོག ཁོང་གཉིས་ལ་ཉེན་རྟོག་པས་ཉེས་རྡུང་ཚད་མེད་ཐོག་བཙོན་པ་སྡུག་གསོད་གཏོང་ཡུལ་གྱི་དུར་ས་ལྟ་བུའི་ཀོང་པོ་ཁུལ་གྱི་སྤྲ་རྨོག་འདམ་ཆུ་བཙོན་ཁང་དུ་སྤོ་སྐྱེལ་བྱས།

ཕྱི་ལོ་༡༩༩༤ ལོར་རྒྱལ་སྤྱིའི་གནོན་ཤུགས་འོག་ཚེ་བཙོན་ནས་མི་ལོ་༡༨ རིང་དུས་བཀག་བཙོན་འཇུག་ཆག་ཡངས་བཏང་སྟེ། ཕྱིས་སུ་ཆུ་ཤུལ་བཙོན་ཁང་དུ་གནས་སྤོས་ཀྱིས་ཁྱོན་མི་ལོ་ཧྲིལ་པོ་༢༥ ཙམ་གྱི་རིང་ཁྲིམས་བཤེར་རིམ་པ་དང་། བཙོན་ཁང་འདྲ་མིན་ཁག་དྲུག་ཙམ་ནང་སྡུག་སྦྱོང་ཚད་མེད་འོག་སྐུ་གཟུགས་གནས་སྟངས་ཇེ་ཞན་ཇེ་སྡུག་གིས་གཟུགས་པོ་གཅོང་ནད་ཅན་དུ་གྱུར་རྗེས། བཙོན་གྲོལ་ཐོབ་ཏེ་སྔ་ལོའི་ལོ་མཇུག་ནས་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད་འདུག

Share this:
༩༡ ཀློག་གྲངས།