འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལྷན་ཚོགས།

initiative2འཇར་མན་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་(Tibet Initiative Deutschland TID) པའི་འགན་འཛིན་ལྷན་ཚོགས་ཐེངས་༢༤ དེ་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༥ ཚེས་ ༤ ཉིན་“བོད་དོན་ཆེད་མཉམ་འབྲེལ་དང་སྟོབས་ཤུགས་”ཞེས་པའི་རྗོད་གཞིའི་ཐོག་སྐོང་ཚོགས་གནང་སོང་།

དེའང་ཚོགས་པ་འདི་ནི་ཡོ་རུབ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཞིག་ཡིན་པ་དང་། ད་ལྟའི་བར་ཚོགས་ཞུགས་འཐུས་མི་ ༡༧༠༠ དང་རྒྱབ་སྐྱོར་ཚོགས་མི་གྲངས་ ༧༡༠༠ ལྷག་ཡོད་འདུག ས་གནས་ཡན་ལག་ཚོགས་པ་ ༣༢ ། ས་གནས་འབྲེལ་མཐུད་ཚོགས་ཆུང་ ༢༨ ། སློབ་སྟོན་ཚོགས་མི་གྲངས་ ༦ ། རྒྱུན་ཞུགས་ལས་བྱེད་ ༧ ཡོད་པ་ལས་བདུན་ཕྲག་རེའི་ནང་དུ་ཆུ་ཚོད་ ༡༥༥ རིང་ལས་ཀ་བྱེད་ཀྱི་ཡོད་འདུག

ད་ཐེངས་ཚོགས་འདུ་དེའི་ཐོག་འཇར་ཁོད་བོད་རིགས་ཚོགས་པའི་ (The Association of Tibetans in Germany eV) ཚོགས་གཙོ་བྱམས་པ་ཀུན་དགའ་ཤར་དང་། སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་མིག་དམར་རདྣ། དེ་བཞིན་གནད་ཡོད་བོད་རིགས་འགའ་ཞིག་ཀྱང་ཆེད་ཕེབས་གནང་འདུག་ལ། འཇར་མན་ནིའི་ས་གནས་མི་འདྲ་ ༦༠ ལྷག་ནས་སྐུ་ཚབ་འཚོགས་མི་༨༠ ལྷག་ཞིག་མཉམས་འཛོམས་བྱུང་ཡོད་པ་རེད།

དང་ཐོག་མར་འཇར་མན་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝོལཕ་ཀང་གྷི་ར་ཌེར་ (Wolfgang Grader) གྱིས་ཐེངས་འགན་འཛིན་ལྷན་ཚོགས་ཐེངས་ ༢༤ པའི་ཐོག་“བོད་དོན་ཆེད་མཉམ་འབྲེལ་དང་སྟོབས་ཤུགས་”ཞེས་པ་འཚོག་དགོས་པའི་ཚོགས་འདུ་ངོ་སྤྲོད་དང་སྦྲགས། ས་གནས་ཚོགས་པ་ཁག་གི་ལས་དོན་བྱེད་ཕྱོགས་ལ་ལེགས་གསོལ། དེ་བཞིན་གསར་དུ་ཚུགས་པའི་ས་གནས་འཐུས་ཚོགས་དང་གསར་ཞུགས་ཚོགས་མི་རྣམས་ངོ་སྤྲོད་སོགས་གནང་ཡོད་པ་རེད།

initiative1དེ་རྗེས་འཇར་འཁོད་བོད་རིགས་ཚོགས་པའི་ཚོགས་གཙོ་བྱམས་པ་ཀུན་དགས་ཚོགས་འདུར་ཕེབས་པའི་ཚོགས་ཞུགས་པ་ཡོངས་ལ་འཚམས་འདྲི་དང་སྦྲགས་འཇར་མན་ནིར་གནས་སྡོད་བོད་རིགས་རྣམས་ཀྱིས་ལས་དོན་བྱེད་ཕྱོགས་དང་། དེ་བཞིན་འཇར་མན་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་དེར་གནས་སྡོད་བྱེད་མཁན་བོད་མི་གཙོས་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ལ་ལོ་མང་རིང་རྒྱབ་སྐྱོར་དང་ཐུགས་ཁུལ་གནང་བར་ཐུགས་རྗེ་ཞུའི་གསུང་བཤད་གནང་།

ཚོགས་འདུའི་དངོས་གཞིའི་ཐོག་ཕྱི་ལོ་ ༢༠༡༢ ལོའི་ལས་བསྡོམས་སྙན་ཐོ་དང་ ༢༠༡༣ ལོའི་ལས་འཆར་ལས་འཇར་མན་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་ ༢༠༡༤ ལོར་མི་ལོ་ ༢༥ འཁོར་རྒྱུ་ཡོད་སྟབས། དེ་དང་བསྟུན་བོད་དོན་འཐབ་རྩོད་དང་དུས་དྲན་སྲུང་བརྩི་ཞུ་ཕྱོགས་སོགས་ཀྱི་སྐོར་བགྲོ་གླེེང་ཡོད་པ་རེད།

དེ་བཞིན་བོད་དོན་འཐབ་རྩོད་བྱེད་ཕྱོགས་ཐད་སྔ་ལོའི་ལས་འགུལ་གལ་ཆེ་ཤོས་ཁག་ནས་གཅིག་ནི་རྒྱ་ནག་གིས་མི་ལོ་སྟོང་ཕྲག་ལྷག་བོད་མཐོ་སྒང་དུ་འཚོ་བ་རོལ་བའི་བོད་ཀྱི་འབྲོག་པ་རྣམས་བཙན་དབང་གིས་གྲོང་ཁྱེར་ནང་དུ་གནས་སྤོ་གཏོང་བཞིན་པ་ནི། རྒྱལ་སྤྱིའི་འགྲོ་བ་མི་ཡི་ཐོབ་ཐང་དང་འཁོར་ཡུག་སྲུང་སྐྱོབ་ཐད་ཡོངས་སུ་རྩ་འགལ་ཡིན་སྟབས། དེ་དག་ལ་ངོ་རྒོལ་དང་རྒྱལ་སྤྱིའི་འགྲོ་བ་མི་ཡི་ཐོབ་ཐང་ཚོགས་སྡེ་ཁག་ལ་རྒྱབ་སྐྱོར་ཡོང་ཆེད་“སྔོ་ལྗང་གི་བོད། བོད་རང་བཙན། ” (Green Tibet. Free Tibet) ཞེས་པའི་ལས་འགུལ་ཞིག་སྤེལ་ཏེ་ས་གནས་ཁག་མི་འདྲ་བ་ནས་རྒྱབ་སྐྱོར་བ་སྟོང་ཕྲག་བརྒྱད་ལྷག་གིས་ས་རྟགས་བསྡུ་རུབ་བྱས་ཏེ་རྒྱ་གཞུང་ལ་ཕུལ་ཡོད་འདུག

དེ་བཞིན་ལོ་ལྟར་འཇར་མན་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གསུམ་ཅུའི་དུས་དྲན་ཡས་མས་སུ་འཇར་མན་ནིའི་རྒྱལ་ཡོངས་སུ་ས་གནས་ཀྱི་ལས་ཁུངས་ཁག་ཏུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུག་གནང་རྒྱུའི་རེ་འབོད་ཞུ་བཞིན་ཡོད་པ་ལྟར། སྔ་ལོར་གྲོང་ཁྱེར་སྤྱི་ཁྱབ་གཞུང་དོན་ཁང་ཆིག་སྟོང་ཉིས་བརྒྱ་བཅུ་གཉིས་ (༡༢༡༢ ) ཙམ་གྱིས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་ཡོད་པ་ལས། འདི་ལོར་གྲོང་ཁྱེར་སྤྱི་ཁྱབ་གཞུང་དོན་ཁང་ཆིག་སྟོང་གཉིས་བརྒྱ་སུམ་བཅུ་སོ་དྲུག་ (༡༢༣༦) ཙམ་གྱིས་གསུམ་ཅུའི་དུས་དྲན་ཉིན་བོད་ཀྱི་རྒྱལ་དར་བསྒྲེངས་འཛུག་གིས་བོད་དང་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་ཐབས་བྱས་ཡོད་འདུག དེ་བཞིན་འདི་ལོར་དམིགས་བསལ་བོད་དུ་རང་ལུས་མེར་སྲེག་གི་ངོ་རྒོལ་བྱུང་འབྱུང་བཞིན་པ་རྣམས་ལ་གདུང་སེམས་མཚོན་ཆེད་གསར་འགྱུར་དང་དྲ་ལམ་ཁག་དང་། དེ་མིན་གྲོང་ཁྱེར་དང་ཡུལ་མི་བརྒྱུད་ནས་ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ངོ་སྤྲོད་སོགས་ཐབས་ལམ་མི་འདྲ་བརྒྱད་ཙམ་གྱི་ཐོག་ལས་འགུལ་སྤེལ་དང་སྤེལ་བཞིན་པ་ཡིན་འདུག དེ་དང་ཆབས་ཅིག་བོད་བཞུགས་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་གཙོས་པས་བོད་དོན་ཐོག་བྲིས་པའི་རྩོམ་ཡིག་དང་དེབ་རྣམས་འཇར་མན་ནིའི་སྐད་ཐོག་ཡིག་བསྒྱུར་དང་པར་བསྐྲུན་གནང་གི་ཡོད་པ་རེད།

ད་ཐེངས་ཚོགས་ཐོག་གི་སྐུ་མགྲོན་གཙོ་བོ་རྒྱ་ནག་ལ་ཆབ་སྲིད་དང་ལྟ་བ་མི་མཐུན་པའི་རྒྱ་རིགས་རྩོམ་པ་པོ་གྲགས་ཅན་དང་རྒྱལ་སྤྱིའི་ཐོག་དྲང་བདེན་འཐབ་རྩོད་ཀྱི་རྩོམ་རིགས་བྱ་དགའ་ཐེངས་མང་ཐོབ་མྱོང་བའི་བོད་དོན་རྒྱབ་སྐྱོར་བ་ལིའོ་ཡི་ཝུ་ Liao Yiwu གདན་ཞུས་ཀྱིས་ཁོང་གིས་ཉེ་ཆར་བྲིས་པའི་རྩོམ་ཡིག་“རང་ལུས་མེ་སྲེག་གི་ལས་འགུལ་དེ་ཁོང་ཁྲོའི་རྒྱུན་ཞིག་ཏུ་འགྱུར་སྲིད་པ་”ཞེས་པའི་དོན་ཚན་དྲུག་ཅན་གྱི་རྩོམ་ཡིག་དེར་བགྲོ་གླེང་གནང་།

དེའང་ཁོང་གིས་“རྒྱུན་རིང་པོ་ཞིག་གི་རྗེས་སུ་ང་ཚོའི་རེ་བ་ལྟར་རྒྱ་ནག་དེ་མང་གཙོའི་རྒྱལ་ཁབ་ཅིག་ཏུ་གྱུར་ཚེ། ད་གཟོད་བོད་ཀྱི་འཐབ་རྩོད་དེའི་མཇུག་གཞི་ནས་བསྡུ་རྒྱུ་རེད།” ཟེར། ད་དུང་ཁོང་གིས་ད་ལྟའི་ཆར་བོད་མི་རྣམས་ཀྱི་འཐབ་རྩོད་དེ་ཞི་བའི་ལས་འགུལ་ཞིག་ཡིན་ནའང་རིམ་པར་གུང་ཁྲན་ཏང་གཞུང་གིས་སོ་སོའི་རྣམ་འགྱུར་དེར་འགྱུར་བ་མ་གཏང་ཚེ། བོད་ཀྱི་མི་རབས་རྗེས་མ་རྣམས་ལ་འཐབ་རྩོད་དེ་རྣོ་ངར་དང་དྲགས་ཤུགས་ཅན་ཞིག་ཏུ་འགྱུར་མི་སྲིད་པ་ཞིག་མ་རེད་སོགས་ཀྱི་གཏམ་བཤད་དང་ཚོགས་ཞུགས་བ་རྣམས་ཀྱི་དྲི་བར་ལན་འདེབས་བཅས་མདོར་ན་ཆུ་ཚོད་གསུམ་མ་ཟིན་ཙམ་རིང་བགྲོ་གླེང་ལྷུག་པོར་གནང་སོང་།

དེ་རྗེས་འཇར་མན་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས་འཇར་མན་ནིའི་རྒྱལ་ཡོངས་ས་གནས་ཁག་ནས་ཆེད་ཕེབས་གནང་བའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་སྒོ་གང་ནས་བོད་དོན་ཐོག་ཐུགས་ཁུལ་གནང་བར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་ཚོགས་འདུ་གྲོལ་ཡོད་པ་རེད།།

Share this:
༡༣༡ ཀློག་གྲངས།