གསར་འབྱོར་དེས་གནོད་དཔེ་བསྐྱལ་སོང་།

གསར་འབྱོར་དེས་གནོད་དཔེ་བསྐྱལ་སོང་།

གསར་འབྱོར་མ་རབས་དེ་མེ་བསྲེགས་བཏང་ནས་བལ་ཡུལ་བོད་པ་ཚོ་ལ་གནོད་དཔེ་བསྐྱལ་སོང་།སྔོན་མ་ཡིན་ན་ས་མཚམས་ཁག་ནས་ཚོང་ཆས་ཁུར་ནས་ཡར་མར་འགྲོ་དུས་དམ་པོ་དེ་ཙམ་མེད་ཀྱང་།དེང་སང་རྦད་དེ་དམ་པོ་ཆགས་སོང་།ད་ཡར་མར་འགྲོ་རྒྱུ་ལ་དཔེ་དཀའ་ངལ་འདུག་ཟེར།ད་དུང་ཁོས་མུ་མཐུད་ནས་བཤད་དོན་ལ།ཁོ་རང་མེ་སྲག་གཏོང་དགོས་ན་བོད་ལ་བཏང་མི་འདུག་ཆེད་དུ་བལ་ཡུལ་ལ་མེ་བསྲེག་གཏོང་དུ་ཡོང་དོན་གང་ཡིན་ནམ། མ་རབས་དེས་ང་ཚོ་ལ་གྱོང་དཔེ་སྤྲད་སོང་ཟེར་ནས་ཚིག་ཐག་ཆོད་པོས་སེམས་ཚོར་ཡོད་པའི་ཐོག་ནས་དེ་ལྟར་བཤད་ཐལ།

སྐད་ཆ་དེ་ལ་རྒྱུས་ལོན་ཡག་པོ་བྱས་ན་གོ་རྒྱུ་མེད་པ་གཏན་ནས་མིན།བོད་ནས་རང་ལུས་མེར་བསྲེགས་པ་འདིས་བོད་མི་རིགས་ལ་ཕན་པའི་གྲུབ་འབྲས་གང་ཡང་མེད་པར་མ་ཟད།བོད་མི་རིགས་ཀྱི་ཆོས་རིག་སྲུང་སྐྱོབ་དུ་མ་ཞིག་ལ་གྱོང་གུད་ཆེན་པོ་སྤྲད་བཞིན་ཡོད་པ་མངོན་གསལ་རེད།རྒྱ་གར་དང་བལ་ཡུལ་ས་མཚམས་་དང་།བལ་ཡུལ་ནང་ནས་དེང་སང་གྲྭ་ཆས་གྱོན་མཁན་མཐོང་ན་སྤྱང་ཀི་བཞིན་ལྟ་ཞིང་།ཉེས་ཆད་མི་དགོས་ས་རུ་ཉེས་ཆད་གཅོད་ཅིང་།འཛིན་གཟུང་མི་དགོས་ས་རུ་འཛིན་གཟུང་བྱེད།འདྲི་རྩད་མི་དགོས་ས་རུ་འདྲི་རྩེད་བྱེད་བཞིན་ཡོད།བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་སོགས་བོད་མིའི་འདུས་སྡོད་སྲང་ལམ་ཁག་ཏུ་ཉེས་རྟོག་པས་ལག་དུ་དབྱུག་པ་རྒྱབ་ཏུ་མེ་གསོད་འཕྲུལ་ཆས་ཁུར་ནས་སྲུང་བསྡད་ཡོད།རྒྱ་ནག་གི་ས་མཚམས་ཁག་ནས་གྲྭ་ཆས་གྱོན་མཁན་ལ་དམིགས་བསལ་དམ་གྲགས་བྱེད་བཞིན་ཡོད།བོད་ནང་དུ་རང་ལུས་མེ་བསྲེགས་འདི་འགོ་བཙུགས་ནས་བཟུང་བོད་ལ་དམིགས་བསལ་ཚོང་ལས་འགྲུལ་བཞུད་དུ་མ་ཞིག་སྒོ་བཀག་ནས།གཞིས་ལུས་ཚོང་པ་ཚོ་ལ་ཚོང་ལས་དཔལ་འབྱོར་ཐོག་ལ་གྱོང་གུད་ཚབས་ཆེན་ཕོག་ཡོད།རང་ལུས་མེ་ལ་བསྲེགས་པའི་རྐྱེན་གྱིས་ཆོས་ལུགས་འདུ་འཛོམ་རང་དབང་དུ་མ་སྒོ་བཀག་ནས་དགོན་པའི་ནང་དུ་གྲྭ་པ་ལ་ཚད་བཀག་ཐེབས་ཡོད་པ་དང་།རང་ལུས་མེ་ལ་བསྲེགས་པའི་རྒྱུ་མཚན་གྱིས་དགོན་པ་དུ་མ་ཞིག་སྒོ་བརྒྱབ་ཅིང་།དུ་མ་ཞིག་ཉེན་རྟོག་ནས་སྲུང་སྐྱོབ་འོག་ལ་བཞག་ཡོད།རང་ལུས་མེ་ལ་བསྲེགས་པའི་རྒྱུ་མཚན་གྱིས་སློབ་གྲྭ་མང་པོ་ཞིག་ལ་བོད་རིགས་རྣམས་ལ་ལྟ་ཚུལ་མཐོང་སྟངས་སྡུག་པོ་ཆགས་ཤིང་།སློབ་ཕྲུག་མང་པོ་ཕྱིར་འབུད་བྱས་པ་སློབ་གྲྭ་དུ་མ་སྒོ་རྒྱག་པ་ལ་སོགས་པའི་བྱས་ཉེས་ཡོངས་རྫོགས་རང་ལུས་མེར་བསྲེགས་འདི་ལ་ཐུག་བསྡད་ཡོད།བོད་སྨད་ཕྱོགས་ནས་མི་གཉིས་ཀྱིས་ལྷ་ས་ལ་མེར་བསྲེགས་བཏང་རྗེས་ཁམས་ཨ་མདོའི་ཡུལ་ནས་དབུས་ཕྱོགས་ལ་གནས་སྐོར་བ་རྣམས་ཡིག་ཆ་བཞི་ལྔ་ཙམ་མ་འགྲིག་ན་འགྲོ་མི་ཆོག་པ་བཟོས་ཡོད།ལྷ་ས་ལ་ཡོད་པའི་ཁམས་རིགས་ཨ་མདོ་རྣམས་ཕྱིར་འབུད་བྱས་ཡོད།རྒྱུ་མཚན་འདི་ཚོ་ཚང་མ་རང་ལུས་མེར་བསྲེགས་པའི་བྱས་ཉེས་ལ་ཐུག་བསྡད་ཡོད།

རྒྱ་གར་དང་ཕྱི་རྒྱལ་དུ་བཞུགས་པའི་བོད་པ་ང་རང་ཚོས་སོ་སོའི་མཚན་སྙན་གྲགས་དང་ཁེ་བསང་ཁོ་ནིའི་ཆེེད་དུ་གཞིས་ལུས་རྒྱ་ཆེ་མི་མང་རྣམས་ཚོང་རྫས་ནང་བཞིན་བོད་པས་བོད་པ་འདི་ལྟར་བཙོང་བསྡད་ན་ལས་རྒྱུ་འབྲས་དང་འཛམ་གླི་ཞི་བདེ་ཟེར་བཤད་བསྡད་པ་དེ་རང་བཞིན་དུ་རྫུན་རྐུབ་རྡོལ་བ་མ་རེད་དམ།

ང་ཚོས་ཕྱི་ཕྱོགས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་ནུབ་ཕྱོགས་ཡུལ་གྲུ་ནས་རྒྱབ་སྐྱོར་ག་ཚོད་ཅིག་ཡོད།རུམ་ལ་ཅི་ཡོད་ལག་པས་མི་ཤེས་པ་མེད་ཀྱང་།རྒྱབ་སྐྱོར་ཡོད་རབས་བྱས་རབས་འཇོན་རབས་ཟེར་ནས་སྐྱག་རྫུན་འུར་བཤད་ཁྱབ་བསྒྲགས་བྱས་ནས་གཞིས་ལུས་མི་མང་འདི་ལྟར་མགོ་བསྐོར་བསྡད་ན་ངོ་མ་སྙིང་ན་ཞིང་བློ་ཕམ་པ་ཞིག་མ་རེད་དམ།

Share this:
༢༥༩ ཀློག་གྲངས།