གཞོན་ལྷན་གྱི་སྲོག་རྩ་ལྟ་བུ་རང་བཙན་གྱི་ལངས་ཕྱོགས་དེ་རེད།

121007142331907ttབོད་རང་བཙན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་སུ་བཅར་འདྲི། དྲི་བ། ད་ལྟའི་དུས་འདིར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བོད་རང་བཙན་སླར་གསོ་དགོས་པའི་ལངས་ཕྱོགས་གཅིག་དང། རྒྱ་ནག་དང་མཉམ་དུ་སྡོད་རྒྱུའི་དབུ་མའི་ལམ་གྱི་སྲིད་བྱུས་གཉིས་ཀྱི་ཆབ་སྲིད་ལངས་ཕྱོགས་སྐོར་ལ་རྩོད་གླེང་མང་པོ་འགྲོ་བཞིན་པ་དེའི་སྐོར་ལ་དགོངས་ཚུལ་དང་གཟིགས་སྟངས་ག་འདྲ་ཡོད་དམ།

ལན། འཐབ་རྩོད་རྒྱུན་རིང་པོར་གནས་བསྡད་པའི་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་ལངས་ཕྱོགས་འདྲ་མིན་མང་པོ་འཛིན་པ་དང། ལས་ཀ་བྱེད་ཕྱོགས་མི་གཅིག་པ་ལ་བརྟེན་ནས་མཚམས་རེར་ནང་ཁུལ་འགལ་ཟླ་བྱུང་བ་དེ་འདྲ་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་ཡོང་གི་ཡོད་པ་དེ་རང་བཞིན་རེད། ལྷག་པར་དུ་ང་ཚོ་བོད་པས་རྒྱུན་རིང་པོ་ཞིག་ལ་རང་བཙན་དང་དབུ་མའི་ལམ་གྱི་ལངས་ཕྱོགས་སྐོར་ཕན་ཚུན་མཐུན་པའི་ཆ་དང། མི་མཐུན་པའི་ཆ། དེ་དག་ལ་བགྲོ་གླེང་འགྲོ་དགོས་བྱུང་བ་རེད། ཉེ་ཆར་༧གོང་ས་མཆོག་གིས་བཀའ་སློབ་རབས་དང་རིམ་པ་ཕེབས་པ་དང། ལྷག་དོན་དུ་དབུ་མའི་ལམ་ལ་དོན་དག་བརྒྱ་ཆ་བརྒྱ་འགྲུབ་རྒྱུ་ཡོད་ཅེས་བཀའ་སློབ་ཕེབས་པའི་སྐབས་ལ། རང་བཞིན་གྱིས་བོད་པའི་སྤྱི་ཚོགས་ནང་སེམས་འགུལ་ཤུགས་ཆེན་པོ་ཞིག་ཐེབས་ནས། བོད་རང་བཙན་སླར་གསོ་དགོས་མིན་ཐད་ཡང་བསྐྱར་བསམ་བློ་གཏོང་དགོས་པ་ཞིག་ཆགས་པ་དེ་རང་བཞིན་རེད་བསམ་གྱི་འདུག བོད་པའི་སྤྱི་ཚོགས་ནང་༧གོང་ས་མཆོག་གིས་ད་ལྟའི་བར་དུ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བ་རེད། དེ་ཙམ་དུ་མ་ཟད། ང་ཚོ་ལ་དཀོན་མཆོག་ལྟ་བུ་ཡིན་སྟབས་སྤྱི་ཚོགས་ནང་རང་བཙན་སླར་གསོའི་ལངས་ཕྱོགས་སྐོར་ལ་བསྐྱར་དུ་བསམ་བློ་གཏོང་རྒྱུ་དེ་རང་བཞིན་རེད། ཡིན་ནའང་དུས་ཚོད་འདི་འདྲ་ཞིག་ལ་ཞིབ་ཚགས་པོ་བྱས་ནས་བསམ་བློ་གཏོང་དགོས་པ་དེ་གནད་འགག་ཆེན་པོ་རེད་བསམ་གྱི་ཡོད།    
དབུ་མའི་ལམ་ཞེས་ལབ་པའི་སྐབས་ལ་ཕྱོགས་གཉིས་སུ་མ་ལྷུང་པར་ལམ་དབུ་མ་ཞིག་ལ་བརྩི་ཡི་ཡོད་ཙང། ཕྱོགས་གཅིག་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་དང། དེ་ལ་བརྟེན་ནས་མུ་མཐུད་རྒྱ་མིའི་ཆ་ཤས་བྱས་ནས་སྡོད་དགོས་ཟེར་བ་དེ་རེད། ཕྱོགས་གཅིག་དེ་ལོ་རྒྱུས་ནང་ནས་བོད་དེ་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་རེད། མ་འོངས་པར་ཡང་མུ་མཐུད་དུ་བོད་རང་བཙན་བྱེད་ཀྱི་ཡིན་ཞེས་པ་དེ་རེད། ཕྱོགས་དེ་གཉིས་སུ་མ་ལྷུང་པའི་དབུ་མའི་ལམ་ཞིག་དགོས་པ་དེ་དོན་དག་སྙིང་པོ་ཆགས་ཡོད་པ་རེད། ད་ལྟའི་ཆར་དཔེར་ན་གཞོན་ནུའི་ས་གནས་ཡན་ལག་ཁག་ཁ་ཤས་ནས་རང་བཙན་གྱི་ལངས་ཕྱོགས་སྐོར་ལ་བསྐྱར་དུ་བསམ་བློ་གཏོང་དགོས་ཀྱི་འདུག་ཅེས་བརྗོད་ཡོང་བ་དེ། ཉེན་ཁ་ཅན་གྱི་དུས་ཚོད་ཅིག་ཏུ་སླེབས་པ་རེད་བསམ་གྱི་འདུག རང་བཙན་གྱི་ལངས་ཕྱོགས་དོར་བ་ཡིན་ན་དབུ་མའི་ལམ་ལ་ཡང་སྐྱོན་རྒྱག་གི་རེད་བསམ་གྱི་འདུག རང་བཙན་གྱི་ལངས་ཕྱོགས་དེ་མེད་ན་དབུ་མའི་ལམ་དེ་དབུ་མ་ཆགས་ཀྱི་མ་རེད། དེ་འདྲ་སོང་ཙང་ང་རང་གི་བསམ་ཚུལ་ལ་འཐབ་རྩོད་ཀྱི་དམིགས་ཡུལ་རང་བཙན་ཡིན་ན་མ་གཏོགས། བོད་རྒྱལ་ཁབ་དང་མི་རིགས་མཐའ་གཅིག་ཏུ་གནས་ཐུབ་ཀྱི་མ་རེད། ང་རང་གི་ལྟ་ཕྱོགས་ལ་བཙན་བྱོལ་གཞུང་གིས་དབུ་མའི་ལམ་གྱི་ཐོག་ནས་མི་རིགས་ས་གནས་རང་སྐྱོང་ཞིག་རྩོད་བཞིན་པ་དེ། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང། གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཀྱང་རེད། ད་ལྟའི་གནས་སྐབས་སུ་འཐབ་རྩོད་རྒྱུན་འཁྱོངས་བྱེད་པ་ལ་གནོད་མི་ཡོང་བ་དང། ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ནས་བརྩིས་པའི་རྒྱལ་ཁབ་ཁག་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་མ་ཡོང་ནའང། རྒྱབ་སྐྱོར་ག་ཚོད་ཐུབ་ཐུབ་ཅིག་རག་ཐུབ་པའི་ཆེད་དུ་དབུ་མའི་ལམ་གྱི་ལངས་ཕྱོགས་བཟུང་བ་རེད། དེ་ཙམ་དུ་མ་ཟད་ཕན་ཐོགས་ཀྱང་ཆེན་པོ་བྱུང་ཡོད་པ་རེད། ང་ཚོ་རང་བཙན་བཤད་སྡོད་མཁན་ཚོས་དེ་ངོས་འཛིན་མ་བྱས་པར་རང་བཙན་གྱི་ལངས་ཕྱོགས་མཁྲེགས་བཟུང་གིས། བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ཀྱང་འགྱུར་བ་གཏོང་དགོས་པ་རེད་ཅེས་བརྗོད་པ་དེ་ལ་ངའི་ངོས་ནས་མོས་མཐུན་བྱེད་ཐུབ་ཀྱི་མི་འདུག ང་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཞིག་ཡིན་ལ། མ་འོངས་པར་ཡང་རང་བཙན་སླར་གསོ་དགོས་པའི་དམིགས་ཡུལ་ཡོད། ད་ལྟ་ང་ཚོ་གནས་སྟངས་ཁག་པོ་ཞིག་གི་སྒང་ལ་སླེབས་ཡོད་སྟབས། དང་པོ་འཐབ་རྩོད་དེ་རྒྱུན་འཁྱོངས་ཡོང་ཐུབ་པ་དང། དུས་ཚོད་ངེས་ཅན་ཞིག་གི་རྗེས་སུ་རང་བཙན་རང་གི་ལངས་ཕྱོགས་བཟུང་ནས་རྒྱལ་ཁབ་བསྐྱར་ལེན་བྱེད་ཐུབ་པའི་དུས་ཚོད་ཅིག་ཡོང་གི་རེད་བསམ་གྱི་འདུག ད་ལྟའི་གནས་སྐབས་སུ་དེ་འདྲའི་བགྲོ་གླེང་ཡོང་བ་དེ་ཡག་པོ་རེད་བསམ་གྱི་འདུག འོན་ཀྱང་ཚང་མས་རང་བཙན་བྱེད་དགོས་ཟེར་བ་ཞིག་དང། ཚང་མ་དབུ་མའི་ལམ་གྱི་འོག་ལ་འགྲོ་དགོས་པ་རེད་ཟེར་བ་ལྟ་བུའི་ཧོལ་རྒྱུག་དེ་འདྲ་བྱེད་རྒྱུ་ཡོད་པ་མ་རེད་བསམ་གྱི་འདུག

དྲི་བ། ༧གོང་ས་མཆོག་གིས་ལོ་སྔོན་མ་ལ་དྭགས་སུ་བཀའ་སློབ་ཕེབས་པ་དང། ཉེ་ཆར་ས་ལུ་གྷ་ར་དང། ཡུ་རོབ་བཅས་ནས་བཀའ་སློབ་ཕེབས་པ་རེད། ༧གོང་ས་མཆོག་ནི་བོད་གཞིས་བྱེས་གཉིས་ནས་གཞན་སུ་གཅིག་དང་མཚུངས་བསྡུར་བྱེད་ཐབས་མེད་པའི་བསམ་བློའི་གཙོ་འཛིན་ཞིག་ཆགས་བསྡད་ཡོད་པ་དང། དེའི་ནུས་པ་གཅིག་གྱུར་གྱིས་ངོས་འཛིན་ཡོད་པ་ཞིག་རེད། ཁྱེད་རང་གི་ངོས་ནས་༧གོང་ས་མཆོག་གིས་བཀའ་སློབ་དེ་འདྲ་ཞིག་ཕེབས་དགོས་པའི་རྒྱབ་ལྗོངས་གཙོ་བོ་གང་ལ་ཐུག་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད།

121007142331907tt

ལན། ང་རང་བཙན་འཐབ་རྩོད་པ་ཞིག་རེད། ང་དང་ང་ལྟ་བུའི་རང་བཙན་འཐབ་རྩོད་བྱེད་མཁན་ཚོས་མི་དཀྱུས་མ་ཞིག་གི་ཐོག་ནས་སོ་སོའི་རྒྱལ་ཁབ། སོ་སོའི་མི་རིགས་ལ་ཞེན་ཁོག་ཡོད་པའི་ཐོག་ནས། སོ་སོའི་རྒྱལ་ཁབ་དང་མི་རིགས་ལ་སྲུང་སྐྱོབ་བྱེད་ཀྱི་རེད། ད་ལྟ་རྒྱ་ནག་གི་བཙན་འཛུལ་ཡོད་པ་ཡིན་ནའང་འཐབ་རྩོད་བྱེད་བཞིན་པའི་བརྒྱུད་རིམ་དེ་རྩ་བརླགས་སུ་མི་འགྲོ་བ་མ་ཟད། མ་འོངས་པར་རང་བཙན་བསྐྱར་གསོ་བྱེད་ཐུབ་པའི་དུས་ཚོད་ཅིག་བཟོ་ཐུབ་པའི་ཆེད་དུ་འབད་བརྩོན་བྱེད་བཞིན་པ་དེ་འདྲ་རེད།
ངའི་ངོས་ནས་༧གོང་ས་མཆོག་གིས་བཀའ་སློབ་དེ་འདྲ་ཕེབས་པ་དང། དེ་བཞིན་དགོངས་པ་བཞེས་སྟངས་དེ་མི་དཀྱུས་མ་ང་ཚོ་ལྟ་བུ་རྒྱལ་ཁབ་དང་མི་རིགས་གཅིག་པུ་ལ་ཞེན་ཁོག་ཡོད་བསྡད་པ་དེ་འདྲ་ཞིག་ལ་རྩི་ཡི་མེད། ༧གོང་ས་མཆོག་གིས་དུས་རྒྱུན་དགོངས་གཞི་རིམ་པ་གསུམ་གསུང་གི་འདུག དང་པོ། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་འགན་ཁུར་(Universal responsibility) དེ་འཇིག་རྟེན་ཁྱོན་ཡོངས་ཀྱི་འབུ་སྲིན་སོགས་སྲོག་ཆགས་མཐའ་དག་ལ་ཕན་བདེ་བསྐྲུན་ཐབས་ཤིག་ལ་དགོངས་པ་བཞེས་ཀྱི་ཡོད་པ་རེད། གཉིས་པ་དེ། ཆོས་ཕྱོགས་ཀྱི་བླ་ཆེན་ཞིག་ཡིན་སྟབས་འཛམ་བུ་གླིང་གི་ཁྱོན་ཡོངས་སུ་ཆོས་ལུགས་ཁག་དང་འབྲེལ་བའི་རྙོག་འཛིངས་རིགས་སངས་ཏེ། ཆོས་ཕྱོགས་ཀྱི་བསམ་བློ་དང་ཆོས་ཀྱི་ཉམས་ལེན་གྱི་ཐོག་ནས་འཛམ་བུ་གླིང་ཁྱོན་ཡོངས་སུ་ཞི་བདེ་བསྐྲུན་ཐུབ་པའི་དགོངས་པ་བཞེས་སྟངས། གསུམ་པ་དེ་གཞི་ནས་བོད་དོན་བདེན་མཐའ་གསལ་ཐབས་སྐོར་དགོངས་པ་བཞེས་ཀྱི་ཡོད་པ་རེད། དགོངས་པ་རྒྱ་ཆེན་པོ་དང་རླབས་ཆེན་པོ། དགོངས་པ་དེ་ལྟ་བུ་ང་ཚོའི་བསམ་བློའི་ནང་དུ་ཤོང་ཐབས་མེད་པ། དེའི་ཐོག་ནས་ང་རང་གི་ངོས་ནས་༧གོང་ས་མཆོག་ལ་སངས་རྒྱས་ཞེས་ཞུས་པ་ཡིན་ནའང། ཞུ་ཚོད་ཐིག་པ་དེ་སོ་སོས་བྱེད་མ་ཐུབ་པ་དང་བསམ་མ་ཐུབ་པ་དེ་འདྲ་གནང་མཁན་གྱི་ཚད་ལས་འདས་པའི་བྱང་ཆུབ་སེམས་དཔའ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཁོང་གིས་བོད་པའི་འཐབ་རྩོད་ལ་དགོངས་པ་བཞེས་ནས་ལམ་སྟོན་གནང་བའི་སྐབས་ལ་ག་དུས་ཡིན་ཡང་སངས་རྒྱས་ཀྱི་ལམ་ཞིག་རང་གནང་གི་ཡོད་པ་རེད།
དཔེར་ན་གཱན་དྷི་ལྟ་བུ་ལ་མཚོན་ན་རང་ཉིད་བཙོན་ལ་འགྲོ་བ་མ་ཟད། མི་གཞན་དག་མང་པོ་བཙོན་ལ་ཁྲིད་ཡོད། རང་གིས་ཉེས་རྡུང་བཟེད་པ་མ་ཟད། གཞན་ལའང་དེ་ལྟར་གདོང་ལེན་བྱེད་དགོས་གསུངས་ཡོད་པ་རེད།  ཁོང་གིས་དབྱིན་ཇིའི་གཞུང་གིས་གང་དུ་ནོར་ཡང་ནོར་གྱི་འདུག་ཅེས་སྐྱོན་བརྗོད་བྱས། སྐྱོན་དམར་རྗེན་དུ་བཏོན་ནས་དེའི་སྐོར་རྩོམ་བྲིས་ནས་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་སྤེལ་སྡོད་མཁན་དེ་འདྲ་རེད། ༧གོང་ས་མཆོག་ཡིན་ན་དེ་འདྲའི་གདོང་ཐུག་རྩ་བ་ཉིད་ནས་མི་གནང་མཁན་ཞིག་དང། ཐ་ན་ང་ཚོས་ཟས་བཅད་ངོ་རྒོལ་དང། གོམ་བགྲོད། ངོ་རྒོལ་སྐད་འབོད་དེ་འདྲ་ཡང་བྱེད་རྒྱུ་ཡོད་པ་མ་རེད་ཅེས་ལམ་སྟོན་གནང་མཁན་ཞིག་རེད། བྱས་ཙང་༧གོང་ས་མཆོག་གིས་ང་ཚོ་ལ་ལམ་སྟོན་གནང་བའི་སྐབས་ལ་སངས་རྒྱས་ཤིག་གིས་ལམ་སྟོན་གནང་གི་ཡོད་པ་རེད། ཡིན་ནའང་ང་ཚོས་དེ་ནང་བཞིན་འགྲུབ་ཐུབ་ཀྱི་ཡོད་པ་མ་རེད། འགྲུབ་ཐུབ་ཐབས་ཀྱང་ཡོད་པ་མ་རེད་བསམ་གྱི་ཡོད། ང་ཡིན་ན་ངོ་རྒོལ་སྐད་འབོད་བྱེད་མཁན་གྱི་གྲས་རེད། ད་བར་ལས་འགུལ་སྤེལ་ནས་ལོ་ངོ་༡༩ སོང་བའི་རིང། རྒྱ་མིའི་བཙོན་ཁང་དུ་འགྲོ་མྱོང་བ་མ་ཟད། རྒྱ་གར་གྱི་བཙོན་ཁང་འདྲ་མི་འདྲ་བཅུ་གཉིས་ཀྱི་ནང་དུ་འགྲོ་མྱོང། མ་འོངས་པར་ཡང་མུ་མཐུད་དུ་ལས་འགུལ་སྤེལ་བའི་སྐབས་ལ་ཉེས་རྡུང་བཟེད་ཀྱི་རེད། བཙོན་ལ་འགྲོ་ཡི་རེད། དེ་མི་དཀྱུས་མ་ཞིག་གིས་ལས་ཀ་བྱེད་སྟངས་རེད། ཡིན་ནའང་༧གོང་ས་མཆོག་གིས་ལམ་སྟོན་གནང་བའི་འཚེ་མེད་ཞི་བའི་ཐབས་ལམ་དེ་མཐའ་གཅིག་ཏུ་སེམས་པའི་ནང་དུ་གནས་ཀྱི་འདུག གནས་པ་ཙམ་དུ་མ་ཟད་ལས་འགུལ་བྱེད་པའི་སྐབས་ལའང་གཞན་ལ་གནོད་འཚེ་མ་ཕོག་པའི་ལས་འགུལ་ཡོང་གི་འདུག དཔེར་ན་༧གོང་ས་མཆོག་གི་བཀའ་སློབ་ནང་རང་བཙན་དེ་གདོང་ཐུག་གི་ལམ་རེད་ཅེས་གསུང་གི་ཡོད་པ་རེད། དེ་བདེན་པ་རེད། འོན་ཀྱང་ང་ཚོས་གདོང་ཐུག་དེ་གཱན་དྷིས་ལམ་སྟོན་བྱས་པའི་གདོང་ཐུག་དེ་འདྲ་བྱེད་ཀྱི་ཡོད་པ་རེད། ད་ལྟའི་ཆར་ང་ཚོས་རྒྱ་མི་ལ་གནོད་འཚེ་བྱེད་ཀྱི་ཡོད་པ་མ་རེད། གནོད་འཚེ་བྱེད་རྒྱུའི་འཆར་གཞི་ཡང་ཡོད་པ་མ་རེད། འཐབ་རྩོད་བྱས་ནས་རྒྱུན་རིང་པོ་དེ་འདྲ་ཞིག་གི་རིང་ལ་རྒྱ་ནག་ལ་གནོད་འཚེ་བྱ་རྒྱུའི་བསམ་པ་དང། འཆར་གཞི་བཟོས་པ་དེ་འདྲ་ཡང་ངའི་ངོས་ནས་ཤེས་ཀྱི་མེད། དེ་འདྲ་སོང་ཙང་ང་རང་ཚོ་མི་དཀྱུས་མ་ཞིག་གི་ངོ་བོའི་ཐོག་ནས་གཱན་དྷིས་ལམ་བསྟན་པ་བཞིན་ཏན་ཏན་བྱེད་ཀྱི་ཡོད་པ་རེད་ལ། མུ་མཐུད་དུ་དེ་འདྲ་བྱེད་ཀྱི་རེད་བསམ་གྱི་འདུག ལངས་ཕྱོགས་དེ་རང་བཙན་ཡིན་ནའང། ལམ་དེ་ཞི་བའི་ལམ་ནས་འགྲོ་ཐུབ་པ་ཞིག་བྱ་རྒྱུ་དེ་ཡིན།
ང་རང་གི་ངོས་ནས་༧གོང་ས་མཆོག་གིས་ལམ་སྟོན་རྩ་ཆེན་པོ་གཉིས་བརྩི་བཞིན་ཡོད། གཅིག་དེ་ཞི་བའི་ལམ་རེད། དཀའ་ངལ་ག་འདྲ་ཞིག་འཕྲད་པ་ཡིན་ཡང་མཐའ་གཅིག་ཏུ་བཟོད་སྒོམ་གྱི་ཐོག་ནས་ཞི་བའི་ལམ་དུ་འགྲོ་དགོས་པ་དང། འོན་ཀྱང་མགོ་མ་བསྒུར་བ་དང། ཡི་ཐང་མ་ཆད་པ་ཞིག་མུ་མཐུད་དུ་བྱེད་དགོས་པ་དེ་རེད་བསམ་གྱི་ཡོད། གཉིས་པ་དེ་མང་གཙོ་རེད། ༧གོང་ས་མཆོག་གིས་བཀའ་སློབ་རབས་དང་རིམ་པ་ཕེབས་ཡོད་པ་རེད། གསེར་ཁྲི་མངའ་གསོལ་ཞུས་པ་ནས་བཟུང་བོད་ནང་དུའང་ཁྲིམས་དང་ས་ཞིང་གི་ལམ་ལུགས་སོགས་ལ་ལེགས་བཅོས་ཀྱིས་འགྱུར་བ་གཏོང་རྒྱུའི་འབད་བརྩོན་རིམ་པ་གནང་ཡོད་པ་རེད། བཙན་བྱོལ་དུ་ཕེབས་ནས་སྤྱི་ཚོགས་ནང་དུ་ཐབས་ཤེས་དང་ཤོས་དེ་ཆབ་སྲིད་འགྲོ་སྟངས་ཀྱི་ཐོག་ནས་མང་གཙོའི་ལམ་དུ་བསྒྱུར་རྒྱུར་སྐུ་ལས་བསྐྱོན་པ་མ་ཟད། ད་ལྟ་བལྟས་ན་ང་ཚོ་ལོ་༥༠ ནང་ལ་མང་གཙོ་ཚད་དང་ལྡན་པ་ཞིག་ཏུ་སླེབས་བསྡད་ཡོད་པ་རེད། དེ་གཙོ་བོ་༧གོང་ས་མཆོག་གིས་སྲིད་བྱུས་ལམ་སྟོན་ལ་བརྟེན་ནས་བྱུང་བ་རེད། ང་རང་གིས་དུས་རྒྱུན་དུ་༧གོང་ས་མཆོག་གིས་བཀའ་སློབ་ཕེབས་པའི་སྐབས་སུ་མང་གཙོའི་ལམ་ལ་འགྲོ་རྒྱུ་དེ་དགོངས་གཞི་གཙོ་བོ་ཞིག་རེད་བསམ་གྱི་ཡོད། དེ་ལས་ཀྱང་གལ་ཆེ་བ་དེ་ཞི་བའི་ལམ་ཡིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རང་བཙན་ལངས་ཕྱོགས་ལ་༧གོང་ས་མཆོག་གིས་དུས་རྒྱུན་ང་ཚོ་ལོ་རྒྱུས་ནང་དུ་རང་བཙན་ལྡན་པའི་རྒྱལ་ཁབ་རེད། རང་བཙན་འཐབ་རྩོད་བྱེད་མཁན་དེ་ཚོས་རང་ཉིད་ཀྱི་ཐོབ་ཐང་རྩོད་ཀྱི་ཡོད་པ་རེད་ཅེས་པ་དེ་གསུངས་སྡོད་ཀྱི་ཡོད་པ་རེད། དེ་ང་ཚོས་ཀྱང་བྱེད་སྡོད་ཀྱི་ཡོད་པ་རེད། སོ་སོ་རང་ངོས་ནས་བཤད་ན་རང་བཙན་གྱི་ལངས་ཕྱོགས་དེ་མེད་ན་བོད་རྒྱལ་ཁབ་ལྟ་ཅི། བོད་མི་རིགས་དེ་ཡང་གནས་མི་ཐུབ་པའི་དུས་ཚོད་ཅིག་འཆར་གྱི་རེད་བསམ་པའི་སེམས་ཁྲལ་གྱི་ཐོག་ནས་རང་བཙན་ལངས་ཕྱོགས་ལ་དམ་བཅའ་བརྟན་པོ་བྱས་ནས་བཟུང་སྟེ་ལས་འགུལ་སྤེལ་མཁན་ཞིག་ཡིན།

དྲི་བ། ང་ཚོའི་སྤྱི་ཚོགས་ནང་དོལ་རྒྱལ་བསྟེན་མཁན་རེ་ཟུང་ལས་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་མེད་ནའང། ཁ་ཤས་ཀྱིས་རང་བཙན་གྱི་ལངས་ཕྱོགས་དང་མཉམ་དུ་གཞུང་གི་འགོ་ཁྲིད་མཁན་ཚོ་ལ་སྐྱོན་བརྗོད་བྱས་པ་དེའི་ཤུགས་ཀྱིས་༧གོང་ས་མཆོག་ལ་ཟུར་ཟ་བ་ལྟ་བུ་མཐོང་གི་ཡོད་ཚོད་འདུག་པ་དེ་དག་ལ། ཁྱེད་རང་གི་ངོས་ནས་ལྟ་སྟངས་ག་འདྲ་ཡོད་དམ།
ལན། དེ་ངོས་འཛིན་བྱེད་སྟངས་མི་འདྲ་བ་མིན་འགྲོ་བསམ་གྱི་འདུག ༧གོང་ས་མཆོག་ལ་མཚན་སྨོད་དེ་རྒྱ་ནག་གཞུང་རང་ནས་ཡོང་གི་ཡོད་པ་རེད། བོད་པའི་སྤྱི་ཚོགས་ནང་ང་རང་གི་མཐོང་སྟངས་ལ་འདིས་མཚན་སྨོད་ཞུས་སོང། འདིས་མཐོང་ཆུང་ཁྱད་གསོད་ཞུས་སོང་བསམ་པ་དེ་འདྲ་ད་བར་མཐོང་གི་མེད། ཡིན་ནའང་བཙན་བྱོལ་གཞུང་གི་འགྲོ་སྟངས་འགྲོ་ལུགས་རེད། ལྷག་པར་དུ་སྲིད་སྐྱོང་གི་མཚན་གནས་དེ་འདྲའི་ཐོག་ལ་དྲི་བ་གཏོང་མཁན་ཏན་ཏན་འདུག དེ་མ་ཤེས་པ་ཡིན་ན་དྲི་བ་གཏོང་ཆོག་གི་ཡོད་པ་རེད། ཡིན་ནའང་བྱུང་རིམ་དེ་ད་ལྟའི་བར་དུ་མང་གཙོའི་འགྲོ་ལུགས་འགྲོ་སྟངས་ཀྱི་ཐོག་ནས། ཡང་ན་མི་མང་ཚོགས་ཆེན། ཡང་ན་དམིགས་བསལ་ཚོགས་ཆེན་གྱི་ཐོག་ནས། ཡང་ན་གྲོས་ཚོགས་ནང་བགྲོ་གླེང་བྱས་ནས་བཅའ་ཁྲིམས་ལ་འགྱུར་བ་བཏང་ནས་འགྱུར་བ་ཕྱིན་པ་དེ་ལ། ཚང་མས་མཐའ་གཅིག་ཏུ་ངོས་འཛིན་ཞུ་དགོས་པ་དང་བརྩི་བཀུར་ཞུ་དགོས་པ་རེད་བསམ་གྱི་ཡོད། གལ་སྲིད་སྲིད་སྐྱོང་མཆོག་དང། གྲོས་ཚོགས་འཐུས་མི། གཞན་ཡང་གཞུང་གི་མཛད་གཙོ་སུ་འདྲ་ཞིག་ཡིན་ཡང། ཕྱག་ལས་གནང་སྟངས་ནོར་བ་ཡིན་ན་དེ་ལ་སྐྱོན་བརྗོད་བྱེད་ཆོག་གི་རེད། འོན་ཀྱང་སྲིད་སྐྱོང་གིས་ད་བར་ཕྱག་ལས་ཧ་ཅང་ཡག་པོ་གནང་སོང། དེ་ལ་གུས་བརྩི་དང་དགའ་བསུ་ཞུ་དགོས་པ་དེ་མང་གཙོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་རེད། མདོར་ན་མི་སུ་འདྲ་ཞིག་ཡིན་ཡང་ཁྲིམས་ཀྱི་ཐོག་ནས་འགྱུར་བ་ག་རེ་སོང་བ་དེ་ལ་ཁྱད་གསོད་ཀྱི་རྣམ་པ་ཡོང་བ་ཡིན་ན། ང་ཡིན་ཡང་མོས་མཐུན་ཞུ་ཐུབ་ས་མ་རེད། ༧གོང་ས་མཆོག་ལ་ཕྱི་ནས་མཚན་སྨོད་བྱེད་མཁན་ལ་ང་ཚོས་ངོ་རྒོལ་བྱེད་དགོས་པ་རེད། འོན་ཀྱང་ང་རང་ཚོ་བོད་པའི་སྤྱི་ཚོགས་ནས་མཚན་སྨོད་ཞུས་སོང་བསམ་པ་ཞིག་མཐོང་བ་དང་ཐོས་པ་བྱུང་མ་སོང།
བོད་པའི་ངོས་ནས་༧གོང་ས་མཆོག་ལ་མཚན་སྨོད་ཞུ་བ་ལྟ་ཅི། ཐུགས་ཕམ་གྱི་རྣམ་པ་ཙམ་ཡང་མི་ཡོང་བ་ཞིག་དགོས་པ་དེ་ང་ཚོའི་འགན་རེད། ༧གོང་ས་མཆོག་གིས་བཀའ་སློབ་ཕེབས་སྐབས་ཚང་མས་གལ་ཆེན་དོན་ཆེར་བརྩི་དགོས་པ་རེད། དཔེར་ན་ལ་དྭགས་ཀྱི་བཀའ་སློབ་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དངོས་སུ་མིང་འབོད་གནང་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་༧གོང་ས་མཆོག་ཐུགས་ཕམ་གྱི་བཀའ་མོལ་དང་ལས་འགུལ་རང་ངོས་ནས་བྱས་མེད་བསམ་གྱི་ཡོད་ནའང། མིང་འབོད་གནང་སྟབས་དགོངས་སེལ་ཞུ་དགོས་པ་གལ་ཆེན་པོ་རེད། ང་རང་སྒེར་དང་དྷ་ས་ས་གནས་གཞོན་ནུའི་ངོས་ནས་དེའི་སྐབས། གཞོན་ལྷན་གྱི་ལས་འགུལ་ཞིག་འགྲོ་བཞིན་པ་དེ་འཕྲལ་དུ་མཚམས་འཇོག་བྱས་ཏེ་༧གོང་ས་མཆོག་ལ་དགོངས་སེལ་ཞུ་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད། དེ་མིན་སྒེར་ཁ་ཤས་ཤིག་ལའང་གནས་ཚུལ་འགྲེལ་བརྗོད་དང། དེ་བཞིན་རེ་སྐུལ་ཞུ་རྒྱུ་བྱུང། སྐབས་དེར་གཞོན་ནུའི་དབུས་རྒྱུན་ལས་ཀྱིས་༧གོང་ས་མཆོག་ལ་དགོངས་སེལ་ཞུས་པ་དེ་ཁྱབ་བསྒྲགས་ཆེན་པོ་མ་སོང་བས་མི་མང་གིས་དེ་ཙམ་མཁྱེན་རྟོགས་བྱུང་ཡོད་པ་མ་རེད། དེ་ཚོའི་ཐོག་ལའང་ང་ཚོས་དོ་སྣང་བྱེད་དགོས་པ་གལ་ཆེན་པོ་རེད་བསམ་གྱི་ཡོད།

དྲི་བ། ལོ་སྔོན་མའི་ཕྱི་ཟླ་༧ ཚེས་༢༧ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་རང་བཙན་གྱི་ཚོགས་འདུ་ཞིག་འཚོགས་པ་རེད། དེ་ལ་འགྲེལ་བཤད་རིང་ཐུང་མང་པོ་ཞིག་བྱུང་བ་རེད། ཁ་ཤས་ཀྱིས་ཚོགས་འདུ་དེ་བོད་རྒྱལ་ཡོངས་ལྷན་ཚོགས་(TNC)ཀྱི་ཚོགས་འདུ་རེད་ཅེས་གནས་ཚུལ་ཤོད་སྡོད་མཁན་ཞིག་ཡོད་པ་རེད། སྤྱི་ཡོངས་ཀྱི་ཆ་ནས་ཚོགས་འདུ་དེ་གོ་སྒྲིག་གནང་མཁན་སུ་ཡིན་མིན་དང་གནས་སྟངས་དངོས་དེ་ག་འདྲ་ཡིན་མིན་ངོ་སྤྲོད་ཅིག་གནང་རོགས།
ལན། ཕྱི་ལོ་༢༠༡༢ ཟླ་༧ ཚེས་༢༧ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་འཚོགས་པའི་རང་བཙན་ཚོགས་འདུ་དེ་ང་དང་དུས་རྒྱུན་རང་བཙན་དོན་གཉེར་ཅན་འགའ་ཤས་ཤིག་གིས་གོ་སྒྲིག་བྱས་པ་ཡིན། དེ་ལ་འགྲེལ་བཤད་རིང་ཙམ་ཐུང་ཙམ་མང་པོ་འདུག ཚོགས་འདུ་མི་གཞན་ཞིག་གིས་བསྐོངས་པ་རེད་ཟེར་བ་ལྟ་བུ་འདུག དེ་མཐའ་གཅིག་ཏུ་མ་རེད། བསྐོང་ཚོགས་བྱེད་མཁན་ང་དང་རང་བཙན་ལངས་ཕྱོགས་འཛིན་མཁན་གྲོགས་པོ་ཁ་ཤས་ཤིག་རེད། དེ་རང་བཙན་ཚོགས་འདུ་གྲ་སྒྲིག་དང་བསྐོང་ཚོགས་བྱས་པ་ཐེངས་དང་པོ་ཡང་མ་རེད་ལ། མཐའ་མ་ཡང་ཆགས་ཀྱི་མ་རེད། ད་བར་དུ་ང་ཚོས་དྷ་རམ་ས་ལ་རེད། སྦེ་ལ་ཀོ་པི་རེད། དེ་མ་ཡིན་པའི་ས་ཆ་ཁག་མང་པོ་ཞིག་ལ་རང་བཙན་ཚོགས་འདུ་མང་པོ་འཚོགས་པ་རེད། དེ་ཚོགས་དགོས་པ་ཞིག་ཀྱང་རེད། རང་བཙན་གྱི་ལངས་ཕྱོགས་བྱེད་ཀྱི་ཡིན་ལབ་ཀྱི་ཡོད་པ་རེད། ལངས་ཕྱོགས་དེ་མི་སྒེར་ཙམ་མ་ཡིན་པར་རྒྱལ་ཁབ་ཅིག་གི་རང་བཙན་སླར་གསོ་བྱེད་ཀྱི་ཡིན་ལབ་དུས་ང་རང་ཚོ་ནང་ཁུལ་དུས་ནས་དུས་སུ་ཚོགས་འདུ་འཚོགས་ནས་ག་རེ་བྱེད་ཀྱི་ཡིན་མིན། ནུས་པ་གང་ནས་སྟོན་རྒྱུ་འདུག ཐབས་ཤེས་གང་དང་གང་ཡོད་པ་རེད་ཅེས་ཚོགས་འདུ་དེ་སྔོན་ཡང་བྱུང་བ་རེད། མ་འོངས་པར་ཡོང་གི་རེད། དེ་འདྲའི་ཚོགས་འདུ་ཞིག་བྱུང་བ་རེད། ཡིན་ནའང་ཚོགས་འདུ་འཚོགས་པའི་སྐབས་ལ་བོད་རྒྱལ་ཡོངས་ལྷན་ཚོགས་ཞེས་པ་དེའི་སྐོར་ལ་གྲོས་བསྡུར་བྱུང་བ་ཏན་ཏན་རེད། གནད་དོན་དེའི་སྐོར་ལ་ཡིག་ཆ་ཡང་བཀྲམ་ཡོད་པ་རེད། མང་པོ་ཞིག་གིས་དེའི་སྐོར་ལ་བསམ་བློ་ཏན་ཏན་ཞིག་གཏོང་དགོས་ཀྱི་འདུག་ཅེས་བསམ་ཚུལ་དེ་འདྲ་ཞིག་ཀྱང་བྱུང་སོང། དེ་རང་བཙན་ཚོགས་འདུ་རབས་དང་རིམ་པ་བྱུང་ཡོད་པའི་བརྒྱུད་རིམ་ཞིག་རེད།
ཚོགས་འདུ་དེའི་ནང་ལ་སྤྱི་འཐུས་རྣམ་པ་ཁ་ཤས་ཀྱང་ཕེབས་ཡོད་པ་རེད། བཀའ་བློན་ཁྲི་ཟུར་དེ་འདྲ་ཕེབས་ཡོད་པ་རེད། ང་དང་འདྲ་བའི་དུས་རྒྱུན་རྩོམ་ཡིག་འབྲི་མཁན། དེ་བཞིན་ཤེས་ཡོན་ཅན་དང། ལས་འགུལ་སྤེལ་མཁན། དེ་མ་ཡིན་པའི་མིང་ཆེན་པོ་མེད་ཀྱང་དོ་སྣང་བྱེད་སྡོད་མཁན་དེ་འདྲ་སྔོན་མ་ནས་ཕེབས་ཡོད་པ་རེད། མ་འོངས་པར་ཡང་གནས་སྡོད་ཀྱི་རེད་བསམ་གྱི་འདུག

དྲི་བ། བོད་རྒྱལ་ཡོངས་ལྷན་ཚོགས་སྐོར་མཁྱེན་རྟོགས་དང་འབྲེལ་བ་ཡོད་དམ། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། དེའི་སྐོར་གོང་དུ་ཞུས་པའི་ཚོགས་འདུའི་སྐབས་སུ་བགྲོ་གླེང་གྲོས་བསྡུར་བྱུང་བ་རེད་དེ། གཙོ་བོ་བོད་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་འདུ་དང་པོ་དེ་ཨ་རིའི་གྲོང་ཁྱེར་ནེའུ་ཡོཀ་ཏུ་༢༠༡༢ ཟླ་༣ ཚེས་༡༡ ཉིན་འཚོགས་པ་རེད། ཚོགས་པའི་སྐབས་དེར་ཡང་ང་རང་ངོ་བཅར་ཡོད། སོང་ཙང་ཚོགས་འདུ་དེའི་ནང་གང་དང་གང་བྱུང་ཡོད་མེད་དེ་ངས་གསལ་པོ་ཤེས་ཀྱི་ཡོད། གཞི་རྩའི་དམིགས་ཡུལ་དེ་བོད་རང་བཙན་འཐབ་རྩོད་བྱེད་མཁན་གྱི་མི་སྒེར་དང་ཚོགས་པ་ཁག ཚང་མ་ལྷན་འཛོམས་ཀྱིས་ནུས་པ་གཅིག་སྒྲིལ་ཡོང་ཐུབ་པའི་ལྷན་ཚོགས་ཤིག་འཛུགས་ཐུབ་ན་བསམ་པ་རེད། སྐབས་དེ་དུས་ཆབ་སྲིད་ཚོགས་པ་ཞིག་བྱུང་ན་ཞེས་པའི་བསམ་ཚུལ་འདོན་མཁན་ཡང་བྱུང།
འོན་ཀྱང་བསམ་ཚུལ་ཤུགས་ཆེ་ཤོས་དེ་རང་བཙན་འཐབ་རྩོད་བྱེད་མཁན་གྱི་ལྷན་ཚོགས་ཤིག་བྱེད་ཐུབ་ན་ཞེས་བཤད་མཁན་མང་ཤོས་རེད། དྷ་རམ་ས་ལར་རང་བཙན་ཚོགས་འདུ་ཚོགས་པའི་སྐབས་ལའང་གནད་དོན་འདིའི་སྐོར་གྲོས་བསྡུར་བྱུང་བ་མ་ཟད། དེའི་རྗེས་སུ་གློག་འཕྲིན་དང། ཁ་པར་བརྒྱུད་ནས་ང་ཚོ་གྲོས་བསྡུར་མང་པོ་བྱུང་སོང། ཡིན་ནའང་ད་ལྟའི་གནས་བབས་ལ་ཨ་མེ་རི་ཀ་དང། ཡུ་རོབ་ནས་ཚོགས་མི་ཁ་ཤས་ཤིག་གིས་ཚོགས་པ་དེ་ཚུགས་པ་ཞིག་མ་གཏོགས། དེའི་ནང་རྒྱ་གར་དུ་རྒྱུན་ལས་དང་ཚོགས་མི་ང་ཚོ་སུ་གཅིག་ཡོད་པ་མ་རེད། དེའི་སྐོར་ལ་གྲོས་བསྡུར་འགྲོ་བཞིན་པ་རང་རེད། གནད་དོན་གལ་ཆེན་འགའ་ཞིག་ལ་མོས་མཐུན་མ་བྱུང་བས་ད་བར་རྒྱ་གར་ནས་ཚོགས་པ་དེའི་ཁོངས་སུ་ཚོགས་མི་གཅིག་ཀྱང་འཛུལ་ཞུགས་བྱས་མེད།

དྲི་བ། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་གྱི་སྒྲིག་འཛུགས་ཆེ་ཤོས་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་རེད། ད་བར་རང་བཙན་གྱི་ལངས་ཕྱོགས་བརྟན་པོ་གནས་བསྡད་པ་རེད། ཉེ་ཆར་ལྷོ་ཕྱོགས་ཀྱི་ས་གནས་གཞོན་ནུའི་ཡན་ལག་ཁག་དང། བྱང་ཤར་ཁུལ་གྱི་ཡན་ལག་ཁག་ཅིག་གིས་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རང་བཙན་གྱི་ལངས་ཕྱོགས་སྒྱུར་དགོས་མིན་ཐོག་ལ་བསམ་བློ་གཏོང་དགོས་པའི་ཐག་གཅོད་བྱུང་ཡོད་ཚུལ་སྤྱི་ཚོགས་ནང་ཁྱབ་ཡོད་པ་རེད། ཁྱེད་གཞོན་ནུའི་ཚོགས་མི་ཞིག་ཡིན་པ་ཙམ་དུ་མ་ཟད་ས་གནས་རྒྱུན་ལས་ཤིག་ཡིན་པའི་ངོས་ནས་དེ་ལ་ངོས་འཛིན་ག་འདྲ་གནང་གི་ཡོད་དམ།
ལན། ང་ལ་མཚོན་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཕྱི་ལོ་༡༩༩༠ ལོ་ནས་བྱས་ཏེ་ད་བར་ལོ་༢༣ ལྷག་འགྲོ་ཡི་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་བོད་པའི་འཐབ་རྩོད་ནང་ནས་རང་བཙན་གྱི་ལྟ་བ་དང་ལངས་ཕྱོགས་ཁུར་མཁན་གྱི་ཚོགས་པ་གཟི་བརྗིད་ཅན། ལོ་རྒྱུས་དང་ལྡན་པ། ད་བར་བོད་པའི་འཐབ་རྩོད་དང་མི་མང་ལ་ཞབས་ཕྱི་སྒྲུབ་ཐུབ་པའི་སྤྱི་ཚོགས་ནང་ཆེ་མཐོང་ཆེ་ཤོས་ཀྱི་ཚོགས་པ་ཞིག་རེད། གནས་སྟངས་ག་འདྲ་ཞིག་གི་ཐོག་ནས་བཤད་ཀྱང་ཚོགས་པ་དེ་མུ་མཐུད་དུ་གནས་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད་བསམ་གྱི་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྲོག་རྩ་ལྟ་བུ་རང་བཙན་གྱི་ལངས་ཕྱོགས་དེ་རེད། དེ་འགྱུར་བ་སོང་བ་ཡིན་ན་ཚོགས་པ་ཡང་མུ་མཐུད་དུ་གནས་ཐུབ་ཀྱི་མ་རེད། རང་བཙན་ལངས་ཕྱོགས་ལ་འགྱུར་བ་སོང་བ་ཡིན་ན། བདེ་དོན་ལས་ཁུངས་ལྟ་བུ་ཞིག་ཆགས་འགྲོ་ཡི་རེད། ང་ཚོ་ལ་མི་དགོས་པ་དང། རྒྱ་ནག་ལ་དགོས་པ་ཞིག་ཆགས་འགྲོ་ཡི་འདུག
ང་རང་གི་བསམ་ཚུལ་ལ་༧གོང་ས་མཆོག་གིས་དབུ་མའི་ལམ་གྱིས་ད་བར་རང་སྲིད་རང་སྐྱོང་རང་འགྲུབ་མེད་ནའང། གྲུབ་འབྲས་ཏན་ཏན་ཐོན་ཡོད། ལམ་དེ་རང་གི་གྲུབ་འབྲས་ཐོན་རྒྱུ་ཡོད་ཅེས་གསུངས་པ་འདི་ལ་སྤྱི་ཚོགས་ནང་གོ་བ་ནོར་བ་ལེན་པ་ཞིག་མཐོང་གི་འདུག དབུ་མའི་ལམ་ལ་རང་རེའི་སྤྱི་ཚོགས་ནང་སྐྱོན་བརྗོད་ཆེན་པོ་བྱུང་ཙང། དེ་མུ་མཐུད་དགོས་པ་གལ་ཆེན་པོ་ཡིན་ཞེས་གསུངས་པ་དེ་རང་བཙན་ལངས་ཕྱོགས་མི་དགོས་པ་རེད་ཟེར་བ་དང། དེ་མེད་པ་བཟོ་དགོས་པར་གོ་བ་ལེན་རྒྱུ་མེད།
ལངས་ཕྱོགས་གཉིས་ང་རང་གི་བསམ་ཚུལ་ལ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་འཕྲལ་ཕུགས་ལ་ཕན་པའི་ལྟ་བ་དང་ལངས་ཕྱོགས་ཡིན་པ་ཡིན་ནའང། ཕྱོགས་གཉིས་ངོས་ནས་རང་རྒྱལ་གཞན་ཕམ་གྱིས་ལངས་ཕྱོགས་གཞན་པ་དེ་མེད་པ་བཟོ་ཐབས་མི་བྱེད་པར་ཕན་ཚུན་གུས་བརྩི་ཞུ་དགོས། མི་མང་བརྒྱུད་ཐབས་ཤེས་དང་གནོན་ཤུགས་སྤྲད་ནས་གྲངས་འབོར་ཐོག་ནས་མང་མོས་བྱུང་སྟེ་ལངས་ཕྱོགས་གཞན་དེ་མེད་པ་བཟོས་ནའང། དབང་འཛིན་པ་ཞིག་གི་བྱེད་སྟངས་ལ་ངོས་འཛིན་བྱེད་པ་མ་གཏོགས་རྒྱུ་མཚན་ལྡན་པའི་མང་གཙོ་ཞིག་ལ་ངོས་འཛིན་བྱེད་ཐུབ་ཀྱི་མ་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལོ་༤༠ ནང་དུ་བོད་པའི་འཐབ་རྩོད་ཀྱི་ཐོག་ལ་ཞབས་ཞུ་ག་ཚོད་ཅིག་ཞུས་པ། མི་མང་ནང་སྤྱི་ཚོགས་ཞབས་ཞུའི་ཐོག་ནས་ག་ཚོད་ཅིག་ཕན་ཐོགས་ཡོད། འདི་མུ་མཐུད་དུ་གནས་དགོས་པ་དེ་གལ་ཆེན་པོ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་མ་གནས་པ་ཡིན་ན། བཀའ་སྤྱི་གཉིས་ཀྱི་ལས་འགུལ་དེ་ཉིན་རྟག་པར་སྤེལ་ཐུབ་ཀྱི་མ་རེད། མི་མང་གིས་ལས་འགུལ་སྤེལ་བའི་སྐབས་སུ་དེའི་སྣེ་ཁྲིད་རྒྱུ་དང། གོ་སྒྲིག་དང་ལམ་སྟོན་བྱེད་རྒྱུ། དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡན་ལག་༨༨ ཀྱི་ནང་དུ་ཡོད་པའི་ཚོགས་མི་༣༥༠༠༠ ལྷག་ཅིག་གིས་ཞབས་ཞུ་ཞུས་བསྡད་ཡོད་པ་རེད། དེ་མུ་མཐུད་དུ་གནས་དགོས་ཀྱི་འདུག་བསམ་གྱི་ཡོད། ཡིན་ནའང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལྟ་བ་དང་ལངས་ཕྱོགས་དེ་ཤིང་སྡོང་གི་རྩ་བ་བཞིན་སྲ་བརྟན་དུ་ས་ལ་ཚུགས་དགོས་ནའང། ལངས་ཕྱོགས་འཛིན་སྟངས་དང་ལས་འགུལ་སྤེལ་ཕྱོགས་ལ་མཁྲེགས་འཛིན་མ་བྱས་པར། གུ་བཤང་གི་ངོས་ནས་ཆབ་སྲིད་ཀྱི་ལས་འགུལ་གཞན་དང། དེ་བཞིན་ཚོགས་པ་གཞན་དང་མི་སྒེར་བཅས་ལ་འབྲེལ་བ་བྱས་ཏེ་རྩ་དོན་སྒྲུབ་ཐབས་བྱེད་དགོས།།

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་ ༤༣༧   ཕྱི་ལོ་ ༢༠༡༣/༥/༨ ཐོག་བཀོད།

Share this:
༡༤༤ ཀློག་གྲངས།