ཆབ་སྲིད་བཙོན་པ་གཉིས་གློད་གྲོལ།

རྒྱ་གཞུང་གིས་ཁམས་དཀར་མཛེས་དགོན་པའི་གྲྭ་བློ་བཟང་བསྟན་པ་དང་བློ་བཟང་ཆོས་ལྡན་གཉིས་ལོ་ལྔའི་རིང་དུས་བཀག་བཙོན་འཇུག་བྱས་ཡོད་ན་ཡང་། ཉེ་ཆར་དུས་ཡུན་ཚང་སྟེ་གསང་བའི་ཐོག་གློད་གྲོལ་བཏང་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༢ ཉིན་རྒྱ་གཞུང་གིས་ཕྱི་ལོ་༢༠༠༨ ལོར་བཙོན་འཇུག་བྱས་པའི་དཀར་མཛེས་དགོན་པའི་གྲྭ་བློ་བཟང་བསྟན་པ་དང་བློ་བཟང་ཆོས་ལྡན་གཉིས་ལོ་ལྔའི་ཁྲིམས་ཐག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་འདུག་པ་དང་། བོད་ཁམས་དཀར་མཛེས་སུ་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་སྐབས་ས་གནས་བོད་མི་ཚོས་ཕེབས་བསུ་ཞུ་སྲོལ་ཡོད་པར་བརྟེན། ས་གནས་བོད་མི་ཚོས་སླར་ཡང་ཕེབས་བསུ་བྱེད་པར་དོགས་ནས་རྒྱ་གཞུང་གིས་ཁོང་གཉིས་གསང་བའི་ཐོག གློད་གྲོལ་བཏང་ཡོད་སྐོར་བོད་ནས་འབྲེལ་ཡོད་བོད་མི་ཞིག་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འགྲེལ་བརྗོད་བྱས་འདུག

དགེ་འདུན་པ་ཁོང་གཉིས་ཀྱིས་༢༠༠༨ ལོའི་ཕྱི་ཟླ ༥ པའི་ནང་བོད་ཁམས་དཀར་མཛེས་ཁྲོམ་གཞུང་དུ་བོད་རང་བཙན་གྱི་སྐད་འབོད་བྱེད་སྐབས། རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་གིས་ཉེས་རྡུང་ཚད་མེད་བཏང་སྟེ། ཟླ་བ་མང་པོའི་རིང་ཉེས་རྡུང་དང་འདྲི་རྩད་ནན་པོ་བྱས་ཏེ་མཐར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ནས། ལོ་ལྔའི་ཁྲིམས་ཐག་བཅད་དེ་ཉེ་ཆར་དུས་ཡུན་ཚང་སྟེ་ཁོང་གཉིས་གློད་གྲོལ་ཐོབ་ཡོད་པ་རེད།

Share this:
༧༨ ཀློག་གྲངས།