དབུ་མའི་ལམ་དྲིལ་བསྒྲགས་དང་ཕྱོགས་བསྐྱོད།

དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་གོ་སྒྲིག་འོག་གཞིས་ཆགས་ཁག་དང་། དགོན་སྡེ། སློབ་གྲྭ་སོགས་སུ་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་སྐོར་ལ་དྲིལ་བསྒྲགས་གསལ་བཤད་གནང་བཞིན་པ་ལྟར་ཕྱི་ལོ་༢༠༡༣།༥།༡༦ ཉིན་ནས་དབུ་མའི་ལམ་དྲིལ་བསྒྲགས་དང་འབྲེལ་བའི་ཕྱོགས་བསྐྱོད་གཉིས་པ་འགོ་འཛུགས་གནང་ཡོད་འདུག

དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་དང་། སྤྱི་འཐུས་རྨོག་རུ་བསྟན་པ་གཉིས་ཕྱི་ཚེས་༡༦ ཉིན་གྱི་ཞོགས་པར་རྡེ་ར་རྡུན་ས་གནས་སུ་འབྱོར་ཡོད་པ་དང་། ཉིན་དེའི་ཞོགས་པའི་ཆུ་ཚོད་༩ ཕྱེད་ཀའི་སྟེང་ར་ཇི་པུར་བཟོ་གྲྭའི་བཟོ་ལས་མི་མང་དང་། ཁ་འཐོར་མི་མང་བཅས་སུ་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གནང་ཡོད་འདུག

སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གསར་འཛུགས་ཀྱི་དམིགས་ཡུལ་དང་། དབུ་མའི་ལམ་དྲིལ་བསྒྲགས་ཀྱི་རྒྱུ་མཚན། དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བ་ནི་དབུ་མའི་ལམ་ཤེས་རྟོགས་ཀྱི་ཆེད་དུ་ཡིན་པ་ལས་དབུ་མའི་ལམ་དུ་དབང་བསྒྱུར་གྱི་ཆེད་མིན་པའི་གསལ་བཤད་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཡོལ་ཐབས་མེད་པའི་རླབས་ཆེན་གྱི་འགན་འཁུར་གསུམ་ནི་བོད་མི་ཚང་མར་ལམ་སྟོན་གསལ་བོ་ཞིག་ཡིན་པས། བོད་པ་མི་རེ་ངོ་རེ་ནས་རང་ཉིད་འགྲོ་བ་མི་ཞིག་ཡིན་པ་དང་། ཆོས་ཁས་ལེན་མཁན་ཞིག་ཡིན་པ། བོད་མི་ཞིག་ཡིན་པའི་འགན་འཁུར་མ་བརྗེད་པ་གནང་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཞེངས་ཕྱོགས་དང་། བྱ་བྱེད་ལས་གསུམ་གང་ཅིར་རྒྱབ་སྐྱོར་དཔུང་འཇུག་དགོས་པ་གལ་ཆེ་ཡིན་པ་སོགས་ཀྱི་ཐད་གསུང་བཤད་གནང་ཡོད་པ་རེད།

དབུ་མའི་ལམ་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་འདས་ཟིན་པའི་གནས་བབ་འོག་ལོ་ངོ་ཉི་ཤུ་ལྷག་ཅིག་རིང་བོད་རང་བཙན་འཐབ་རྩོད་བྱས་པའི་བརྒྱུད་རིམ་དང་། རྒྱལ་ཁབ་གཞུང་དང་། དབུས་གྲོས་ཚོགས་སོགས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་དང་ངོས་ལེན་བྱེད་དཀའ་བ། བོད་པ་རང་གི་ངོས་ནས་བོད་རང་བཙན་གྱི་འཐབ་རྩོད་ཐད་རྒྱ་ནག་དང་ཁ་གཏད་འདང་ངེས་དཀའ་བ་བཅས་ཀྱི་གནས་བབ་གསལ་བཤད་དང་།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིའི་ལམ་སྟོན་དང་། མང་མོས་ཀྱི་འོས་འདེམས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གྲོས་ཆོད་གཏན་འབེབས་འོག་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་དགོས་པའི་དམིགས་ཡུལ་དང་། ད་ལྟའི་བར་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་གྲུབ་འབྲས་ཅི་ཐོན་སོགས་གསལ་བཤད་དང་དྲི་བ་དྲིས་ལན་སོགས་གནང་ཡོད་འདུག

ཕྱོགས་བསྐྱོད་དེ་དང་འབྲེལ་བའི་ཐོག་ནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ས་གནས་ཁག་ཡར་རྒྱས་དང་ཚགས་ཚུད་དུ་ཡོང་ཐབས་སྐོར་ལའང་ས་གནས་ཀྱི་འབྲེལ་མཐུད་པ་ཁག་དང་གོ་བསྡུར་གནང་བཞིན་པ་སོགས་རེད་འདུག

ད་རེས་ཀྱི་ཕྱོགས་བསྐྱོད་ལས་རིམ་དང་པོའི་སྐབས་རྡེ་ར་རྡུན་ཁྱབ་ཁོངས་ཀྱི་གཞིས་ཆགས་དང་སློབ་གྲྭ་ཁག་དང་། དེ་བཞིན་ཧ་པ་པོར་དང་། སྤོན་ཊོ། སྤུ་རུ་ཝ་ལ་སོགས་གཞིས་ཆགས་ཁག་དང་། ཕྱི་ཟླ་༦།༦ ཉིན་ནས་རྒྱ་གར་བྱང་ཤར་ཨ་སམ་མངའ་ཁུལ་ཤེས་ལོང་སོགས་དང་། ཨ་རུ་ན་ཅལ་མངའ་ཁུལ་ཏི་ཛི་དང་མེའོ་གཞིས་ཆགས། ཀ་རྡོར་སྒང་གསུམ་སོགས་སུ་ཕེབས་གཏན་འཁེལ་ཡོད་པ་དང་། འགན་འཛིན་སྤྲུལ་སྐུ་ཡོན་ཏན་འཇམ་དབྱངས་སོགས་ཀྱིས་རྒྱ་གར་གྱི་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་ཏུ་དྲིལ་བསྒྲགས་བསྐོར་བསྐྱོད་དང་། རིམ་གྱིས་དབུ་མའི་ལམ་གྱི་ལས་འགུལ་པ་རྒྱ་གར་བྱང་ཕྱོགས་བོད་མིའི་ས་གནས་ཁག་གི་གཙོས་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་གཞིས་ཁག་ཆ་ཚང་བར་ཕྱོགས་བསྐྱོད་ཐུབ་རྒྱུའི་ལས་འཆར་ཡོད་པ་རེད་འདུག།

གནས་ཚུལ་མཁོ་གཏོང་བ་སྤྱི་འཐུས་རྨོག་རུ་བསྟན་པ།

Share this:
༩༣ ཀློག་གྲངས།