མ་ཧ་གུ་རུའི་འབུམ་ཚོགས།

ཟླ་འདིའི་ཚེས་༡༨ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་ས་གནས་འགོ་འཛིན་ལས་ཁང་དང་ས་གནས་འཐུས་ཚོགས།  རང་བདེན་ཚོགས་ཆུང་བཅས་དང་། དེ་བཞིན་ས་གནས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཐུན་མོང་གི་གོ་སྒྲིག་འོག རིག་འཛིན་གདུང་སྒྲུབ་ཀྱི་ཆོ་གའི་སྒོ་ནས་མ་ཧ་གུ་རུའི་འབུམ་ཚོགས་ཞིག་འཚོགས་ཡོད་པ་རེད།

སྐབས་དེར་གུ་རུ་འབུམ་ཚོགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ས་འཐུས་ཚོགས་གཙོའི་ལས་ཚབ་དྲུང་ཆེ་ཕ་ལྷ་བསྟན་འཛིན་དབང་རྒྱལ་ལ་སུ་མ་ཧ་གུ་རུའི་འབུམ་ཚོགས་འདི་གོ་སྒྲིག་གནང་ཕྱོགས་དང་དེ་ལྟར་གནང་དགོས་པའི་རྒྱུ་མཚན་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས་པར།

bumtsok_2013_5_18ཁོང་གིས་ས་གནས་འཐུས་ཚོགས་སྐབས་རིམ་པའི་གྲོས་ཆོད་བྱུང་བཞིན་འཚོགས་པ་ཡིན་སྐོར་དང་། “དགའ་འབྲས་གཉིས་ཀྱི་གྲྭ་ཚང་ཁག་ཆེ་བ་བཞིའི་ནང་ནས་དགེ་འདུན་༥༠ རེ་དང་དེ་ནས་རྙིང་མ་དང་ས་སྐྱ།  བཀའ་བརྒྱུད་སོགས་གྲྭ་ཚང་ཆུང་ཁག་དང་བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་ནས་དགེ་བཙུན་གྲངས་༡༥༠ བཅས་བསྡོམས་པའི་དགེ་འདུན་པའི་ཞལ་གྲངས་༣༥༠ ཙམ་ཆེད་ཕེབས་གནང་ཡོད་པ་རེད་ལ།  སློབ་དཔོན་གུ་རུ་མཚོ་སྐྱེས་རྡོ་རྗེའི་འབུམ་ཚོགས་ཡིན་པས། མཆོད་པ་བཤམ་བཀོད་དང་ཆོ་གའི་ས་བཅད་ཕྱག་ལེན་ཚང་མ་རྙིང་དགོན་སྔ་འགྱུར་རྡོ་བྲག་གསང་སྔགས་ཆོས་འཁོར་གླིང་གིས་གོ་སྒྲིག་གནང་བཞིན་ཡོད་པ་རེད་”ཅེས་སོགས་གསུངས་སོང་།

ཧ་མ་གུ་རུའི་འབུམ་ཚོགས་ཞིག་དུས་སྐབས་འདིར་འཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་གང་ཡིན་སྐོར་ལ་བཅར་འདྲི་བྱས་པར།   གཙོ་བོ་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པ་དང་མཛད་འཕྲིན་རྒྱས་པའི་ཆེད་དང་།  ལྷག་པར་དུ་བོད་ནང་གི་རྒྱ་གཅེས་དཔའ་བོ་སེར་སྐྱ་ཕོ་མོ་མང་དག་ཅིག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་རྒྱལ་ཁབ་དང་མི་རིགས་བསྟན་སྲིད་བཅས་ཀྱི་ཆེད་དུ་བློས་གཏོང་གནང་བཞིན་ཡོད་པ་ཁོ་རང་ཚོའི་མངོན་འདོད་དང་ཞལ་ཆེམས་དེ་དག་འགྲུབ་ནས་བདེན་པའི་མཐའ་གསལ་བའི་ཆེད་དུ་དམིགས་ནས་ང་ཚོའི་དམིགས་བསལ་སློབ་དཔོན་བཀའ་དྲིན་ཅན་གྱི་རིག་འཛིན་གདུང་སྒྲུབ་ཀྱི་ཆོ་གའི་སྒོ་ནས་གུ་རུའི་འབུམ་ཚོགས་འདི་གོ་སྒྲིག་བྱས་པ་ཡིན་”ཞེས་སོགས་གསུངས་སོང་།

མི་མང་ལ་འབོད་བསྐུལ་ལམ་དགོངས་ཚུལ་གསུང་རྒྱུ་ཡོད་དམ་ཞེས་དྲིས་པར། ཁོང་གིས། “ང་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། ཡིན་ན་ཡང་དུས་སྐབས་འདིར་ང་རང་ཚོའི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་འགྲུབ་པའི་ཆེད་དུ་ང་རང་ཚོ་མོན་གྷོ་ཌི་ཙམ་མ་ཡིན་པར་ས་ཁུལ་དང་གཞིས་ཆགས་གཞན་དག་ནས་ཀྱང་སློབ་དཔོན་བཀའ་དྲིན་ཅན་གྱི་གུ་རུ་འབུམ་ཚོགས་རེ་ཕུལ་ཐུབ་པ་ཡིན་ན་ང་རང་ཚོ་སྙིགས་མ་ལྔ་བསྡོ་བའི་དུས་སྐབས་འདིར་འཕྲིན་ལས་བསམ་གྱི་མི་ཁྱབས་པ་ཡིན་པས།  ང་རང་ཚོའི་བདེན་མཐའ་གསལ་རྒྱུར་ཞེ་དྲགས་ཕན་ཐོགས་ཡོང་གི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད་”ཅེས་སོགས་གསུངས་སོང་།

མོན་གྷོ་གསར་འགོད་པས།

Share this:
༩༢ ཀློག་གྲངས།