གཞོན་ལྷན་གྱི་ས་གནས་བརྒྱད་ཀྱི་ཚོགས་མི་ཕྱི་ལོགས་སུ་འཚོགས་འདུག

tyc_2013_5_29བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༥ པའི་ཉིན་གསུམ་པ་སྟེ། ཕྱི་ཟླ་༥ ཚེས་༢༩ ཉིན་གྱི་སྔ་དྲོ་མ་འོངས་པའི་ལས་དོན་བྱེད་ཕྱོགས་དང་། བོད་རང་བཙན་འཐབ་རྩོད་ཆེད་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བགྲོ་གླེང་བྱེད་སྐབས། གཞོན་ལྷན་གྱི་ལངས་ཕྱོགས་སྒྱུར་མིན་ཐད་བསམ་ཚུལ་མ་མཐུན་པར་བརྟེན།

རྒྱ་གར་ལྷོ་ཕྱོགས་ཁག་གཙོས་པའི་ས་གནས་ཁག་༨ ཀྱི་ཚོགས་མི་༣༤ ཙམ་ཚོགས་ཐོག་ནས་ཕྱིར་ཐོན་ཡོད་པ་རེད། ཚོགས་འདུ་ད་ལྟ་མུ་མཐུད་ཡོད་པ་དང་། ཕྱི་ལ་ཐོན་མཁན་ཚོ་ཚོགས་ཁང་གི་ཕྱི་ལོགས་སུ་བསྡད་ཡོད་པ་རེད།

གཞོན་ལྷན་གྱི་རང་བཙན་ལངས་ཕྱོགས་འགྱུར་བ་གཏོང་མི་དགོས་པའི་གྲོས་ཆོད་འཇོག་སྐབས། རྒྱབ་སྐྱོར་བྱེད་མཁན་དང་དགག་པ་རྒྱག་མཁན་ལ་ལག་པ་བཀྱག་བཅུག་པ་ལས། ཕན་ཚུན་བགྲོ་གླེང་སྦྱང་བཤད་ཀྱི་གོ་སྐབས་སྤྲད་མེད་པ་རེད། རང་བཙན་ལངས་ཕྱོགས་ལ་མོས་མཐུན་མ་བྱས་པར་ཚོགས་ཐོག་ནས་ཕྱི་ལོགས་སུ་འགྲོ་མཁན་ས་གནས་མོན་གྷོ་ཌི་དང་། གོ་ལི་གྷལ་ས་གནས། ཧུང་སུར་ས་གནས། སྦེལ་ཀོབ་ས་གནས། ལ་དྭགས་ས་གནས། ཌལ་ཧོར་ས་གནས། པོན་ཌ་ས་གནས། བྷེང་ལོར་ས་གནས་བཅས་ཡིན་པ་འདུག

 

ཕྱི་ཟླ་༥ ཚེས་༢༠ ཉིན་འདི་གའི་གསར་འགོད་པས། ཕྱི་ལོགས་སུ་ཐོན་མཁན་ཚོའི་སྐུ་ཚབ་དང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་ཚོགས་གཙོ་བྱ་ཉལ་ཚེ་རིང་ལྷ་སྐྱབས་ལ་བཅར་འདྲི་བྱས་པར། ཁོང་གིས། ༧རྒྱལ་བ་རིན་པོ་ཆེས་རང་བཙན་རག་གི་མ་རེད་ཅེས་ཚིག་ཐག་ཆོད་པོའི་ཐོག་ནས་གསུངས་འདུག་པས། ང་ཚོའི་དེའི་ཐོག་དཔྱད་པ་བྱས་ཏེ་ལངས་ཕྱོགས་སྒྱུར་དགོས་སྐོར་གསུངས་སོང་།

དྲི་བ། ཁྱེད་རང་ཚོ་ཚོགས་ཐོག་ནས་ཕྱིར་ཐོན་དགོས་དོན་གཙོ་བོ་གང་རེད།
jangal_tserin_2013_5_30ལན། ཉེ་ཆར་༧གོང་ས་མཆོག་གིས་བཀའ་སློབ་རིམ་གྱིས་བསྩལ་བར་བརྟེན། གཞོན་ལྷན་ཚོགས་ཆེན་སྔ་ནུར་བྱས་ནས་འཚོགས་པ་རེད། ང་ཚོ་འདིར་ཡོང་མཁན་ཚང་མ་མི་མང་དང་ས་གནས་ཀྱི་སྐུ་ཚབ་བྱས་ནས་བཅར་བ་ཡིན། ཁ་སང་ཚོགས་ཐོག་ཏུ་གྲོས་ཆོད་གསུམ་བསྣམས་ནས་ཡོང་རེད། ཚོགས་གཙོའི་ངོས་ནས་དེ་སྒྲོགས་སྦྱང་བྱེད་སྐབས་ས་གནས་ཚང་མར་དེའི་ཐོག་དཀའ་ངལ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་ཅེས་བརྗོད་དེ། གྲོས་ཆོད་དོན་ཚན་གསུམ་དེ་བཏང་བ་རེད། ང་ཚོའི་ངོས་ནས་གྲོས་ཆོད་དེ་དག་གི་ཐོག་གྲོས་བསྡུར་བྱ་རྒྱུའི་གོ་སྐབས་ཤིག་ཡོད་རེད་བསམ་པ་ཡིན། གྲོས་ཆོད་དོན་ཚན་དང་པོ་དེ་༧གོང་ས་མཆོག་གི་ལྷ་དགོངས་དང་གསལ་ཞུ་རྒྱུ་དང་། དོན་ཚན་གཉིས་པ་སྦིིར་ས་གནས་སུ་གཞོན་ལྷན་འགན་འཛིན་ལྷན་ཚོགས་ཀྱི་སྐབས་བཞག་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་རང་བཙན་ལ་སྒྱུར་དགོས་ཀྱི་འདུག་ཅེས་པའི་གྲོས་ཆོད་དེ་ཕྱིར་འཐེན་བྱ་རྒྱུ། གསུམ་པ་དེ་གཞོན་ནུའི་ལངས་ཕྱོགས་རང་བཙན་ཡིན་པའི་ཐོག་ནས་འབྱུང་འགྱུར༧གོང་ས་མཆོག་གི་བཀའ་དགོངས་ལྟར་ལས་དོན་བསྒྲུབ་རྒྱུ་ཡིན་ཞེས་པ་དེ་གསུམ་དེ་རེད།
གྲོས་ཆོད་དེ་གསུམ་གཏོང་སྐབས་དབྱེ་བ་མེད་པར་ཚང་མ་དུས་གཅིག་ལ་བཏང་ནས་མང་མོས་དང་སྤྱི་མོས་ལ་བལྟ་རྒྱུ་ཡིན་གསུངས་པ་རེད། སྐབས་དེར་མང་པོ་ཞིག་གིས་ལག་པ་བཀྱག་པ་རེད། ང་ཚོ་ཕྱིར་ཐོན་པའི་ས་གནས་བརྒྱད་ཀྱི་མི་མང་ཆེ་བས་ལག་པ་བཀྱག་ཡོད་པ་མ་རེད། ཡིན་ན་ཡང་རེ་ཟུང་བཀྱག་མཁན་བྱུང་འདུག དེ་ག་འདྲ་བྱས་ནས་བྱུང་བ་རེད་ཟེར་ན། དུས་གཅིག་ལ་གྲོས་ཆོད་གསུམ་ཀ་མཉམ་དུ་བཏང་བ་དེས་རེད། གྲོས་ཆོད་དང་པོ་དང་གཉིིིས་པར་མི་ཚང་མས་འདོད་པ་ཡོད་རེད། ཡིན་ན་ཡང་ང་ཚོ་འདིར་ཕྱིེར་ཐོན་པའི་རྒྱུ་མཚན་གཙོ་བོ་དེ་དོན་ཚན་གསུམ་པ་དེར་ཐུག་ཡོད་རེད། གྲོས་ཆོད་དེ་ཚོགས་ཐོག་ནས་མང་མོས་སོང་བ་རེད། སྤྱི་མོས་མ་སོང་བར་བརྟེན། གཙོ་སྐྱོང་བས་དེ་ལ་དགག་བྱ་ཡོད་དམ་ཞེས་བཀའ་གནང་བ་རེད། དེར་བརྟེན་ང་ཚོའི་ས་གནས་དག་གིས་དགག་བྱ་ཡོད་ཅེས་ལག་པ་བཀྱག་པ་ཡིན། སྐབས་དེར་ང་ཚོ་སུ་གང་ལ་གནད་དོན་དེའི་ཐོག་བཤད་རྒྱུའི་གོ་སྐབས་གནང་ཡོད་མ་རེད། དེར་བརྟེན་ང་ཚོ་ས་གནས་བརྒྱད་ཀྱི་ཚོགས་མི་༣༤ ཕྱི་ལོགས་སུ་འདུག་དགོས་པའི་གནས་སྟངས་དེ་བྱུང་པ་རེད།
ང་ཚོ་འདིར་ཕྱིར་ཐོན་མཁན་ཚོ་དང་ས་གནས་ཀྱི་མི་མང་ཚོས་གཞོན་ནུའི་སྒྲིག་འཛུགས་ལ་གུས་བཀུར་བྱེད་ཀྱི་ཡོད། ལངས་ཕྱོགས་ལ་དུས་དང་མཐུན་པའི་འགྱུར་བ་ཞིག་འགྲོ་དགོས་ཀྱི་འདུག ཡིན་ན་ཡང་དེའི་ཐོག་ཚོགས་ཐོག་ནས་གོ་སྡུར་བྱེད་དགོས་ཀྱི་ཡོད་རེད། ཚོགས་ཆེན་སྔ་ནུར་བྱེད་དགོས་དོན་གཙོ་བོ་དེ་རེད། ང་ཚོ་ཡིན་ན་ཉིན་དང་པོར་བགྲོ་གླེང་ཞིག་ཡོང་གི་རེད་བསམ་པ་རེད། ཡིན་ན་ཡང་གནད་དོན་དེའི་ཐོག་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་མ་རག་པ་ལ་བརྟེན་ནས་ང་ཚོ་ཚོགས་ཐོག་ནས་ཕྱིར་ཐོན་པ་ཡིན། དེ་ཡང་ང་ཚོས་ཚོགས་དྲུང་ལས་ཁུངས་ལ་སྙན་ཞུ་ཕུལ་བའི་ཐོག་ནས་ཕྱིར་ཐོན་བྱས་ཡོད་ལ། ཕྱི་ལོག་སུ་སྡོད་སྐབས་ཀྱང་གཞོན་ནུའི་སྒྲིག་འཛུགས་དང་མཐུན་པར་གཞོན་ནུའི་ཕྱུ་པ་གྱོན་ནས་བསྡད་ཡོད།

དྲི་བ། ཁྱེད་རང་ཚོས་ས་གནས་སོ་སོའི་ཚོགས་མིའི་བསམ་ཚུལ་བསྡུ་རུབ་བྱས་སྐབས་ཚང་མས་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་གཏོང་རྒྱུར་མོས་མཐུན་ཡོད་སྐོར་གསུང་གི་འདུག ཁྱེད་རང་ཚོས་བསམ་ཚུལ་བསྡུ་རུབ་ག་འདྲ་བྱས་པ་ཡིན་དེའི་སྐོར་ངོ་སྤྲོད་ཅིག་བྱ་རོགས།

tyc_2013_5_29

ལན། ང་ཚོས་རྒྱུན་ལས་ཚོས་གོ་བསྡུར་བྱས་པ་མ་ཟད་རྒྱུན་ལས་ཟུར་པ་ཚོའི་མཉམ་དུ་ཡང་འབྲེལ་བ་བྱས་པ་ཡིན། མདོར་བསྡུས་ནས་བཤད་ན་ཚོགས་མི་ཚོས་སྤྱི་མོས་ཀྱི་ཐོག་ནས་༧གོང་ས་མཆོག་གིས་བཀའ་གང་གནང་བ་དེའི་ཐོག་ཤར་བསྐྱོད་བྱེད་དགོས་ཟེར་གྱི་འདུག ༧གོང་ས་མཆོག་གི་དགོངས་གཞི་ལམ་དབུ་མ་རེད། ང་ཚོའི་ས་གནས་སུ་བསམ་ཚུལ་དེ་བྱུང་བ་མ་ཟད། ས་གནས་སུ་གཞོན་ནུའི་ཚོགས་མི་ཡིན་མཁན་ཚོས་རྩ་དགོངས་ཞུ་ཡི་ཡིན་ཟེར་མཁན་མང་པོ་བྱུང་སྟེ་དཀའ་ངལ་མང་པོ་བྱུང་སོང་། ཡིན་ན་ཡང་ང་ཚོས་ཁོ་ཚོར་གནད་དོན་དེ་ཚོགས་ཆེན་ཐོག་ཐག་གཅོད་ཡོང་གི་རེད་ཅེས་ལབ་ཡོད།
དྲི་བ། རྒྱ་གར་ས་ལུ་གྷལ་དུ་༧གོང་ས་མཆོག་གིས་བཀའ་སློབ་གནང་བ་དེ་ཁྱེད་རང་ཚོས་གཙོ་བོར་འཛིན་གྱི་འདུག ཉིན་དེའི་བཀའ་སློབ་དེ་གཞོན་ལྷན་གྱི་ལངས་ཕྱོགས་སྒྱུར་དགོས་པར་ངོས་འཛིན་ཞུ་ཡི་ཡོད་དམ།
༧སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་གནང་བ་དེ་གཞོན་ལྷན་གྱི་ལངས་ཕྱོགས་སྒྱུར་དགོས་པར་ངོས་འཛིན་ཞུས་ན་ནོར་གྱི་ཡོད་པ་རེད། ང་ཚོས་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལ་དཔྱད་པ་བྱེད་ཀྱི་ཡོད། ༧རྒྱལ་བ་རིན་པོ་ཆེས་རང་བཙན་རག་གི་མ་རེད་ཅེས་ཚིག་ཐག་ཆོད་པོས་གསུངས་འདུག ད་སྔ་བར་དུ་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་མང་པོ་གོ་མྱོང་། ཡིན་ཡང་ཚིག་ཐག་ཆོད་པོས་ཐོག་ནས་གསུངས་པ་ད་ཐེངས་མ་གཏོགས་གོ་མྱོང་མེད། རང་བཙན་རག་གི་མ་རེད་ཅེས་ཚིག་ཐག་ཆོད་པོའི་ཐོག་ནས་གསུངས་འདུག་ལ། དབུ་མར་བརྒྱ་ཆ་བརྒྱ་ཡོང་གི་རེད་ཅེས་གསུངས་འདུག ད་ལྟ་རང་བཙན་བརྩད་ན་ང་ཚོའི་ངོས་ནས་རྒྱ་བོད་ཞི་འགྲིག་ལ་སྒོ་རྒྱག་གི་ཡོད་པ་རེད་ཅེས་གསུངས་པ་རེད། ༧རྒྱལ་བ་རིན་པོ་ཆེ་ང་ཚོའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་རེད། འཛམ་གླིང་གི་ཆ་འཇོག་ས་དང་བརྩི་བཀུར་ཞུ་སའི་དབུ་ཁྲིད་ཅིག་རེད། ཡིན་ཡང་ང་ཚོས་༧རྒྱལ་བ་རིན་པོ་ཆེའི་བཀའ་དང་དགོངས་གཞི་རེད་ཅེས་པ་དེ་ཆགས་ཀྱི་མ་རེད།  ༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལ་དཔྱད་པ་བྱས་ཏེ། དེའི་ཐོག་ཚོར་བ་ཞིག་སླེབས་པ་དང་འགན་ཁུར་བ་རེད། རྩ་བའི་མང་གཙོ་རེད། རང་བཙན་ལམ་ལ་འགྲོ་ཡི་ཡིན་གསུངས་ན་དགག་པ་རྩ་བ་ནས་མེད། ཆོག་གི་རེད། ང་ཚོས་གུས་ཞབས་ཡོད།

དྲི་བ། རང་བཙན་གྱི་ལངས་ཕྱོགས་འཛིན་དགོས་པ་དེ་མང་མོས་བྱུང་བ་རེད། མ་འོངས་པར་མུ་མཐུད་དེ་ལྟར་སོང་ན། ཁྱེད་རང་ཚོར་འཆར་གཞི་ག་རེ་ཡོད་དམ།
ལན། ཁྲིམས་ཐོག་ནས་མང་མོས་ཕྱིན་པ་རེད། ཡིན་ཡང་འགྲོ་སྟངས་དེ་འགྲིག་འདུག་དང་མི་འདུག་ཁྱེད་ཚོས་ལྟ་དགོས་པ་རེད། ཚོགས་འདུའི་ནང་གསར་འགོད་པ་བཏང་ཡོད་པ་མ་རེད་ལ། ཟུར་ཉན་པ་ཡང་བཏང་ཡོད་པ་མ་རེད། གྲོས་གཞི་དོན་ཚན་གསུམ་ཉ་དང་ཉུང་མ་མཉམ་དུ་བསྲེས་ནས་བཏང་བ་རེད། འགྲོ་སྟངས་བྱས་ན་གྲོས་གཞིའི་ཐོག་བགྲོ་གླེང་བྱས་ནས་གྲོས་ཆོད་གཏན་འབེབས་དགོས་པ་རེད། ད་ལྟ་ང་ཚོ་འདིར་བསྡད་ཡོད་པ་ལས། འཆར་གཞི་གང་ཡང་མེད། ད་ལྟ་ཚོགས་ཁང་ནང་དུ་ཡོད་མཁན་ཚོའི་ནང་དུ་ས་གནས་སུ་ཚོགས་མི་ཉུང་དུ་འགྲོ་བ་སོགས་ང་ཚོ་དང་དཀའ་ངལ་གཅིག་པ་ཡོད་པ་རེད། གཞོན་ལྷན་ཚོགས་མིའི་ནང་སྡོད་རྒྱུ་མིན་གསུང་མཁན་མང་པོ་འདུག་ཟེར་གྱི་འདུག ང་ཚོའི་ལོ་༤༣ རིང་གི་སྒྲིག་འཛུགས་འདི་གལ་ཆེན་པོ་ཞེ་དྲག་རེད།  སྒྲིག་འཛུགས་སྲ་བརྟན་གནས་རྒྱུར་ག་རེ་དགོས་པ་རེད། མི་མང་མེད་ན་དཔོན་པོ་ཆགས་ཀྱི་མ་རེད། སྦེལ་ཀོབ་ནས་ཚོགས་མི་སྤྱི་མོས་ཀྱི་ཐོག་ནས་འདིའི་ནང་འདུག་རྒྱུ་མིན་ཟེར་གྱི་ཡོད་པ་རེད། ང་ཚོ་རྒྱུན་ལས་བྱས་ན་འདུག་ཐུབ་ཀྱི་རེད་དམ།  ང་ཚོའི་ལངས་ཕྱོགས་ག་ཚོད་མཁྲེགས་པོ་ཡོད་ཀྱང་། མཐར་རྒྱ་ཆེའི་མང་ཚོགས་མེད་ན། གང་ལ་ཐུག་ས་རེད། དེའི་ཐོག་འགན་ཁུར་དགོས་ཀྱི་འདུག

ཚོགས་ཞུགས་པ་རྡོ་རྗེ་གླིང་གི་ས་གནས་གཞོན་ལྷན་ཚོགས་གཙོ་བཀྲ་ཤིས་དོན་གྲུབ་ལ་བཅར་འདྲི་བྱས་པར། ཁོང་གིས། མི་ཐོག་ག་ཚོད་སོང་ཡང་རང་བཙན་གནས་དགོས་པ་རེད་ཅེས་གསུངས་སོང་།
དྲི་བ། ད་ཐེངས་ས་གནས་བརྒྱད་ཀྱི་ཚོགས་མི་ཕྱིར་ཐོན་པ་དེའི་ཐོག་བསམ་ཚུལ་གང་ཡོད།
darjee_lang_tashidundupལན། ད་ཐེངས་ཚོགས་འདུའི་ཐོག་ནས་ས་གནས་བརྒྱད་ཀྱི་མི་ཕྱི་ལ་སོང་བ་དང་། དེར་མི་༣༣ ཡོད་ཟེར་གྱི་འདུག ཁོང་ཚོས་ས་གནས་ནས་ཚོགས་འདུའི་གྲོས་ཆོད་དབུ་མའི་ལམ་གྱི་ཐོག་འགྲོ་དགོས་ཀྱི་ཡོད་ཅེས་ས་ཡིག་བརྒྱབ་ནས་ཁྱེར་ཡོད་པ་རེད། དེ་མིན་ན་སྐད་ཆ་བཤད་རྒྱུ་མིན་ཟེར་གྱི་ཡོད་པ་རེད། དེ་འདྲ་ཚོགས་འདུའི་འགྲོ་སྟངས་ཤིག་ཡོད་པ་རེད་དམ། མང་མོས་ལ་ལྟ་དགོས་པ་རེད་པཱ། འགྲོ་ལུགས་ལ་འགྲོ་དགོས་པ་རེད། ཁོང་ཚོ་ཚོགས་འདུའི་སྒྲིག་གཞི་དང་འགལ་བའི་ཐོག་ནས་ཕྱི་ལ་སོང་བ་རེད། ད་ལྟ་ནང་དུ་ས་གནས་བཞི་བཅུ་ཙམ་གྱི་ཚོགས་མི་བརྒྱ་ལྷག་འཚོག་བསྡད་ཡོད་པ་རེད།  མང་མོས་ཀྱི་ཐོག་ནས་ཚོགས་འདུ་འཚོག་ཐུབ་ཀྱི་ཡོད་དང་། ཚོགས་མིའི་སུམ་ཆ་གཉིས་ཡན་ཟིན་གྱི་ཡོད་པ་རེད། ཁོང་ཚོར་ཚོགས་ཐོག་ཏུ་ཕེབས་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན་ལ། བསམ་ཚུལ་གང་ཡོད་གསུངས་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན། ཁོང་ཚོའི་བསམ་ཚུལ་དེ་མ་འགྲིག་ན་སྐད་ཆ་བཤད་རྒྱུ་མིན་ཟེར་གྱི་འདུག དེ་འདྲ་ཡིན་ན་གང་ལ་སླེབས་སོང་། ཚོགས་མི་ཚང་མར་སེམས་འཚབ་ཡོད་པ་རེད། ས་གནས་ཁག་བདུན་བརྒྱད་མེད་པ་ཆགས་ནས་སྒྲིག་འཛུགས་ལ་གྱོང་རག་གི་རེད། ད་ལྟའི་ས་གནས་རྒྱུན་ལས་ལས་ཐོག་འདི་མེད་པ་ཆགས་ན། ཁོང་ཚོའི་རྒྱབ་ཏུ་ས་གནས་ཀྱི་མི་སུམ་བརྒྱ་བཞི་བརྒྱའི་ས་ཡིག་བརྒྱབ་ཡོད་ཟེར་གྱི་ཡོད་པ་རེད། དེ་ཚོར་ང་ལ་ཐེ་ཚོམ་ཡོད། ས་གནས་ཀྱི་མི་ཚང་མས་འདོད་པ་ཡོད་པ་རེད་བསམ་གྱི་མི་འདུག མི་སུམ་བརྒྱ་ཚང་མའི་སེམས་གཅིག་པ་ཡིན་པ་རྟོགས་ཐུབ་ཁག་པོ་རེད། སྦེལ་ཀོབ་ཏུ་མི་སྟོང་ཕྲག་མང་པོ་ཡོད་ཟེར་གྱི་ཡོད་པ་དང་། དེའི་ནང་རང་བཙན་ལ་འདོད་པ་ཡོད་མཁན་གཅིག་ཀྱང་མེད་པ་ཡོང་སྲིད་ཀྱི་རེད་དམ།

དྲི་བ། ཁྱེད་ཀྱིས་རང་བཙན་ལངས་ཕྱོགས་མུ་མཐུད་འཛིན་དགོས་དོན་གང་ཡིན།
ལན། ད་ལྟ་བར་དུ་རང་བཙན་གྱི་ལངས་ཕྱོགས་བཟུང་བ་རེད་ལ། མ་འོངས་པར་ཡང་འཛིན་དགོས་པ་དེ་མི་རིགས་ཀྱི་འཐབ་རྩོད་ཆེད་དུ་ཡིན་པས། གནས་དགོས་པ་རེད། ང་ཚོའི་མི་ཐོག་འདིར་རང་བཙན་རག་གི་ཡོད་དང་མེད། དབུ་མའི་ལམ་གྱི་ཐོག་ནས་བོད་ལ་ལོག་ཐུབ་ཀྱི་ཡིན་དང་མིན་ཐེ་ཚོམ་རེད་ལ། ང་ཚོས་བཤད་ཐུབ་ཀྱི་མ་རེད། ཡིན་ཡང་མི་ཐོག་ག་ཚོད་སོང་ཡང་རྩ་དོན་གནས་དགོས་པ་རེད། མི་ཐོག་ག་ཚོད་སོང་ཡང་རང་བཙན་གནས་དགོས་པ་རེད། ང་ཚོས་གཡུག་བཞག་ན་མ་འོངས་པའི་མི་ཐོག་གིས་ག་རེ་གསུང་གི་རེད།  འགན་དབང་ཆེན་པོ་ཡོད་པས་ང་ཚོས་འཛིན་དགོས་པ་རེད།

ཚོགས་ཞུགས་པ་དབུས་རྒྱུན་ཟུར་པ་ལྷག་པ་ཚེ་རིང་ལ་བཅར་འདྲི་བྱས་པར། ཁོང་གིས། མི་མང་ནང་གོ་བརྡ་མ་ནོར་བ་ཞིག་སྤྲོད་ཐུབ་ན་གཞོན་ནུའི་སྒྲིག་འཛུགས་ཚགས་ཚུད་པོ་ཡོང་གི་རེད་ཅེས་གསུངས་སོང་།

དྲི་བ། ད་ཐེངས་ས་གནས་བརྒྱད་ཀྱི་ཚོགས་མི་ཕྱིར་ཐོན་པ་དེའི་ཐོག་བསམ་ཚུལ་གང་ཡོད།
lhakpa_tserin_2013_5_29ལན། ཕྱི་ལོགས་ལ་འགྲོ་མཁན་ཁོ་རང་ཚོས་བལྟས་ན། ཁོ་རང་ཚོར་རྒྱུ་མཚན་མང་པོ་བགྲངས་རྒྱུ་ཡོད་པ་རེད་ལ། དེ་ཚོ་ནོར་འཁྲུལ་རེད་ཟེར་ཐུབ་ཀྱི་མ་རེད། མི་མང་གི་གནོན་ཤུགས་ཡོད་ན་ཁག་ཡོད་ཀྱི་མ་རེད་བསམ་གྱི་འདུག ཡིན་ཡང་ཚོགས་ཆེན་ཐོག་ཕྱི་ལོགས་ལ་སོང་བ་དེ་གཞོན་ལྷན་གྱི་སྒྲིག་འཛུགས་རླབས་ཆེན་འདིར་རྩིས་མེད་བཏང་བའི་ཚོར་བ་བྱུང་སོང་། དེར་བློ་ཕམ་བྱུང་སོང་། གནས་ཚུལ་ག་རེ་ཡིན་མིན་ལ་མ་ལྟོས་པར་ཚོགས་འདུའི་ནང་འདུག་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ཚོར་སོང་།

དྲི་བ། ཁྱེད་རང་གིས་བོད་རང་བཙན་བརྩད་ན་མི་མང་གིས་གནོན་ཤུགས་སྤྲོད་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་དམ།
ལན། སྤྱིར་བཏང་རང་བཙན་གྱི་འཐབ་རྩོད་བྱེད་མཁན་རེ་གཉིས་ཀྱིས་མི་མང་གི་བློ་ལ་མ་བབ་པའི་སྐད་ཆ་མང་པོ་བཤད་ཡོང་སྐབས། མི་མང་ཁྲོད་དུ་ཀུན་སློང་གཙང་མའི་ཐོག་ནས་དེ་ཚོ་ཚང་མ་གཞོན་ནུ་ལྷན་ཚོགས་ཡིན་ས་རེད་བསམ་པ་དང་། མང་ཚོགས་ལ་གོ་བརྡ་མ་འཕྲོད་པའི་ཐོག་ནས་༧རྒྱལ་བ་རིན་པོ་ཆེའི་བཀའ་གནང་བ་དེ་མ་འགྲིག་པའི་རྣམ་པ་སྟོན་མཁན་དེ་གཞོན་ནུའི་སྒྲིག་འཛུགས་ཡིན་པའི་རྣམ་པ་མཐོང་བས། མི་མང་གི་སེམས་ལ་ཚོར་བ་རྣོན་པོ་སླེབས་པ་དང་། གོ་བརྡ་ལོག་པ་སྤྲད་པས་རེད། དངོས་གནས་འགྲེལ་བཤད་ཡག་པོ་ཞིག་བྱེད་ཐུབ་ན། མང་ཚོགས་ནང་སེམས་ཤུགས་དང་ལ་རྒྱ་དུས་རྒྱུན་དུ་ཡོད་པས། གསལ་བཤད་རྒྱག་ཐུབ་པ་ཞིག་རེད་མ་གཏོགས། རང་བཙན་གྱི་ལྟ་གྲུབ་ཤུགས་ཆེན་པོ་བཟུང་བ་དེ་སེམས་གཏིང་ནས་རྣ་བར་མ་སོང་བ་ཞིག་རེད་བསམ་གྱི་མི་འདུག

དྲི་བ། ད་ལྟ་ཕྱི་ལོགས་སུ་འགྲོ་མཁན་ཚོ་ཚུར་མཉམ་དུ་སླེབས་ཐབས་དགོས་ཀྱི་རེད་དམ།
ལན། ད་ལྟའི་ཆར་གནས་ཚུལ་མང་པོའི་རྐྱེན་གྱིས་ཕྱི་ལ་འགྲོ་དགོས་ཁེལ་བ་རེད། གཞོན་ནུའི་སྒྲིག་འཛུགས་རྩ་ཆེན་པོ་ཡིན་པས། ཚང་མ་མཉམ་དུ་གྲོས་མོལ་གྱི་ལམ་ནས་ཚོགས་འདུ་མ་གྲོལ་སྔོན་ལ་ཐག་གཅོད་ཡག་པོ་ཞིག་ཡོང་གི་རེད་བསམ་གྱི་འདུག སྒེར་པ་ཚོ་ཚོགས་འདུར་ཞུགས་འདོད་ཡོད་ཀྱང་།  ཁོང་ཚོའི་རྒྱབ་ཏུ་མི་མང་གི་གནོན་ཤུགས་ཡོད་ན། ཁོང་ཚོར་ཡང་ཁག་ཡོད་པ་མ་རེད། མི་མང་ནང་གོ་བརྡ་མ་ནོར་བ་ཞིག་སྤྲོད་ཐུབ་ན་གཞོན་ནུའི་སྒྲིག་འཛུགས་ཚགས་ཚུད་པོ་ཡོང་གི་རེད།

དྲི་བ། རང་བཙན་གྱི་ལངས་ཕྱོགས་བཟུང་ནས་མི་མང་ཁྲོད་གནོན་ཤུགས་ཡོད་པ་ལྟ་བུ་གསུངས་སོང་། དེ་ཡིན་ན་མ་འོངས་པར་གཞོན་ལྷན་གྱི་རང་བཙན་ལངས་ཕྱོགས་བཟུང་ན་རེ་བ་ཆེན་པོ་ཡོད་དམ།
ལན། མི་མང་ཁྲོད་ད་ལྟ་ཕྱོགས་གཅིག་ནས་བལྟས་ན་གཞོན་ལྷན་ཚོགས་འདུའི་ཐོག་ཚགས་ཚུད་པོ་མ་ཡོང་བ་དེ་དབུ་མ་དང་རང་བཙན་གྱི་རྣམ་པའི་ཐོག་ནས་ཡོང་བ་རེད། ཡིན་ཡང་ཕྱོགས་གཉིས་ཀ་ནས་ནོར་འཁྲུལ་ཤོར་ཡོད་པ་རེད་མོད། སྒྲིག་འཛུགས་ཀྱི་ནོར་འཁྲུལ་མ་རེད། རང་བཙན་འཐབ་རྩོད་སོ་སོའི་ཐོབ་ཐང་ཡིན་པས། དེ་ལ་འཐབ་རྩོད་སྐབས་ལྷག་བསམ་རྣམ་དག་དང་། མི་མང་གི་བློ་ལ་འབབ་པའི་ལས་ཀ་བྱས་ན་མི་སུ་ཡིན་ཡང་དེ་ལ་དགག་པ་རྒྱག་གི་རེད་བསམ་གྱི་མི་འདུག །

Share this:
༡༡༡ ཀློག་གྲངས།