བོད་ཀྱི་བུ་མོའི་རྐང་སྤོལ་རྩེད་འགྲན་རུ་ཁག་ཅིག་ཆགས་ཆེད་ཡིན།

football_2013_5_9ཟླ་འདིའི་ཕྱི་ཚེས་༨ ནས་ཉིན་༢ ཀྱི་རིང་རྒྱ་གར་པན་ཇབ་ཀྱི་མཐོ་སློབ་ཁག་ཅིག་གི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་དང་། བོད་ཀྱི་སློབ་གྲྭ་ཁག་གི་བུ་མོའི་རུ་ཁག་གཉིས་ཀྱི་བར་རྐང་སྤོལ་རྩེད་འགྲན་ཐེངས་གཉིས་བྱས་ཏེ། པན་ཇབ་བུ་མོའི་རུ་ཁག་གིས་བསྡོམས་པའི་སྤོ་ལོ་༥ དང་བོད་ཀྱི་བུ་མོའི་རུ་ཁག་གིས་སྤོ་ལོ་༢ བླུགས་ཏེ་མཐའ་མའི་རྒྱལ་ཁ་པན་ཇབ་བུ་མོའི་རུ་ཁག་ལ་ཐོབ་ཡོད་པ་རེད།

དེ་ཡང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་གོ་སྒྲིག་འོག་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་རྐང་སྤོལ་རྩེད་ཐང་དུ། yang_chen_ftooballཟླ་འདིའི་ཕྱི་ཚེས་༨ དང་༩ ཉིན་བཅས་ཉིན་༢ ཀྱི་རིང་རྒྱ་གར་པན་ཇབ་ཀྱི་མཐོ་རིམ་སློབ་གྲྭ་ཁག་ཅིག་གི་བུ་མོའི་རུ་ཁག་དང་། བོད་ཀྱི་སློབ་གྲྭ་ཁག་ཅིག་གི་བུ་མོའི་རུ་ཁག་གཉིས་ཀྱི་བར་རྐང་སྤོལ་འགྲན་སྡུར་ཞིག་བྱས་ཏེ།  ཉིན་དང་པོའི་འགྲན་སྡུར་ཁྲོད་པན་ཇབ་བུ་མོའི་ཪུ་ཁག་གིས་སྤོེལ་ལོ་༤ དང་། བོད་ཀྱི་བུ་མོའི་རུ་ཁག་གིས་སྤོ་ལོ་༢ བླུགས་ཡོད་པ་རེད། དེ་བཞིན་ཉིན་༢ པར་པན་ཇབ་བུ་མོའི་རུ་ཁག་གིས་སྤོལ་ལོ་༡ དང་། བོད་ཀྱི་བུ་མོའི་རུ་ཁག་གིས་གཅིག་ཀྱང་བླུགས་ཐུབ་པར་ཐེངས་འདིའི་རྐང་སྤོལ་རྩེད་འགྲན་གྱི་རྒྱལ་ཁ་དེ་པན་ཇབ་བུ་མོའི་རུ་ཁག་ལ་ཐོབ་ཡོད་པ་རེད།

རྩེད་འགྲན་མཇུག་བསྡོམས་སྐབས་གསར་འགོད་པས་བོད་ཀྱི་བུ་མོ་རྩེད་འགྲན་པ་ཁག་ཅིག་ལ་རྩེད་འགྲན་སྐབས་ཚོར་བ་ག་འདྲ་བྱུང་སོང་ཞེས་དྲིས་པར། སི་ལ་ཀོ་སློབ་གྲྭའི་སློབ་མ་དབྱངས་ཆེན་གྱིས་“སྔོན་མ་ཡིན་ན་བོད་ཀྱི་བུ་མོ་ཚོས་རྐང་རྩེད་སྤོ་ལོ་རྩེད་རྒྱུའི་ལམ་དང་ལུགས་སྲོལ་དེ་འདྲ་ཡོད་ས་མ་རེད། ད་རེས་ང་ཚོས་རྐང་སྤོལ་རྩེད་འགྲན་བྱ་སྐབས་ཚོར་བ་སྐྱིད་པོ་བྱུང་སོང་། གང་ཡིན་ཟེར་ན། དེས་མི་གཞན་པར་བོད་ཀྱི་བུ་མོ་ཚོས་ཀྱང་བྱེད་ཐུབ་ཀྱི་རེད་ཟེར་བའི་བརྡ་ཞིག་བཏང་བ་རེད། མ་འོངས་པར་ཡིན་ན་ཡང་མུ་མཐུད་ནས་རྐང་སྤོལ་རྩེད་རྒྱུ་ཡིན་”ཞེས་བརྗོད་བྱུང་།

tsering_lhamo_football

དྷ་སྟེང་བོད་ཁྱིམ་གྱི་སློབ་མ་ཚེ་རིང་ལྷ་མོས་“རྩ་བས་སྔོན་མ་ང་ཚོས་འགྲན་སྡུར་ཐེངས་མང་པོ་བྱས་ཡོད་རེད། ཡིན་ན་ཡང་ད་རེས་པན་ཇབ་མཉམ་དུ་རྩེད་སྐབས་དམིགས་བསལ་གྱིས་སྐྱིད་པོ་བྱུང་སོང་། གང་ཡིན་ཟེར་ན། ཁོ་ཚོའི་མཉམ་དུ་རྩེད་འགྲན་བྱེད་སྐབས་ང་རང་ཚོ་ཡར་རྒྱས་འགྲོ་ཡི་ཡོད་པ་ཤེས་སོང་། ད་དུང་ཡང་ང་ཚོས་མུ་མཐུད་དུ་ཡར་རྒྱས་བཏང་ན་མ་འོངས་པར་ཕྱི་རྒྱལ་ཁག་ལ་རྩེད་སར་འགྲོ་རྒྱུའི་གོ་སྐབས་རག་ས་རེད་”ཅེས་བརྗོད་བྱུང་།

 

tenzin_dekyong_ftooballདྷ་སྟེང་བོད་ཁྱིམ་གྱི་སློབ་མ་རྐང་རྩེད་སྤོ་ལོའི་སྒོ་སྲུང་བ་བསྟན་འཛིན་བདེ་སྐྱོང་གིས་“ང་རང་ལ་ཚོར་བ་སྐྱིད་པོ་བྱུང་སོང་། གང་ཡིན་ཟེར་ན། ནམ་རྒྱུན་ང་ཚོས་རྒྱ་གར་གྱི་བུ་མོའི་མཉམ་དུ་རྩེད་འགྲན་བྱ་རྒྱུའི་གོ་སྐབས་རག་གི་ཡོད་མ་རེད། ང་རང་ཚོས་གང་ཐུབ་ཐུབ་ཀྱིས་ཡག་པོ་འགྲན་སྡུར་བྱས་པ་ཡིན། ཁོ་རང་ཚོས་སྤོ་ལོ་བླུགས་ན་ཡང་འགྲིག་གི་རེད། ཁོ་ཚོ་མཐོ་སློབ་ཀྱི་བུ་མོ་རེད་ལོ་ཆེ་བ་འདུག ང་ཚོ་སློབ་གྲྭའི་བུ་མོ་རེད། དེ་འདྲ་ཡིན་རྒྱུ་རེད་”ཅེས་བརྗོད་བྱུང་།

རྩེད་འགྲན་སྐབས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་དྲུང་ཆེ་སྐལ་བཟང་དོན་གྲུབ་ཀྱིས་གསར་འགོད་པར་ངོ་སྤྲོད་གནང་དོན། བོད་ཀྱི་བུའི་རྐང་སྤོལ་རྩེད་འགྲན་རུ་ཁག་དེ་ཕྱི་ལོ་༡༩༩༨ ལོ་ནས་འགོ་བརྩམས་ཏེ་ཡོད་བཞིན་པ་རེད། རུ་ཁག་དེས་ད་ལྟའི་བར་རྒྱ་གར་ནང་ཁུལ་དང་ཕྱི་རྒྱལ་ཁག་ལ་ཐེངས་ཁ་ཤས་རྩེད་འགྲན་བྱས་པ་རེད། ཡིན་ན་ཡང་བོད་ཀྱི་བུ་མོའི་རྐང་སྤོལ་རྩེད་འགྲན་རུ་ཁག་ཟེར་བ་དེ་སྔོན་ཡོད་མ་རེད། སློབ་གྲྭ་ཁག་སོ་སོ་ནས་རྩེད་འགྲན་བྱས་བསྡད་པ་མ་གཏོགས་དམིགས་བསལ་གྱིས་རུ་ཁག་དེ་འདྲ་ཡོད་མ་རེད། དེར་བརྟེན་༢༠༡༡ ལོ་ནས་ང་ཚོས་ལས་འགུལ་འགོ་བརྩམས་ཏེ། ༢༠༡༢ ལོར་དངོས་སུ་བོད་ཁྱིམ་སློབ་གྲྭ་༨ དང་ཅོན་ཏ་ར་སམྦྷོཊ་སློབ་གྲྭ་བཅས་སློབ་གྲྭ་ཁག་༩ ནས་འདེམས་སྒྲིག་གིས་བུ་མོའི་རྐང་རྩེད་སྤོ་ལོ་རུ་ཁག་དེ་བཙུགས་པ་རེད། དེ་ནས་ད་ལོར་སླར་ཡང་སྡེ་ར་རྡུན་ཉེ་འཁོར་གྱི་སློབ་གྲྭ་ཁག་༤ ནས་འགོ་བཙུགས་ཏེ་རྗེས་མ་སློབ་གྲྭ་ཁག་༡༢ ནང་བུ་མོའི་རྐང་རྩེད་རུ་ཁག་ཡོད་རེད།

football_2013_5_9

ཡིན་ན་ཡང་ད་དུང་ང་ཚོས་བོད་རྒྱལ་ཡོངས་བུ་མོའི་རྐང་སྤོལ་རྩེད་འགྲན་རུ་ཁག་ལབ་ཀྱི་མེད། གང་ཡིན་ཟེར་ན། དེ་སློབ་གྲྭ་ཁག་ཅིག་ནས་རེད། བོད་རྒྱལ་ཡོངས་བུ་མོའི་རྐང་སྤོལ་རྩེད་འགྲན་རུ་ཁག་ཟེར་དུས། བུའི་རྩེད་འགྲན་རུ་ཁག་ལྟར་ས་ཕྱོགས་ཚང་མ་ནས་མཉམ་ཞུགས་བྱེད་དགོས་ཀྱི་ཡོད་རེད། དེར་བརྟེན་ང་ཚོས་སློབ་གྲྭ་ཁག་ནས་བསྡུ་རུབ་བྱས་པའི་བོད་ཀྱི་བུ་མོའི་རྐང་སྤོལ་རྩེད་འགྲན་རུ་ཁག་ལབ་ཀྱི་ཡོད། དེ་ཡང་ཐོག་མ་དེ་ལོ་སྔོན་མའི་རྒྱལ་ཡུམ་ཆེན་མོའི་གསེར་གྱི་གཟེངས་རྟགས་སྐབས་ཀང་ར་རྫོང་གི་བུ་མོའི་རུ་ཁག་དང་མཉམ་དུ་རྩེད་འགྲན་བྱས་པ་རེད། དེའི་རྗེས་སུ་ཡང་ཐེངས་ཁ་ཤས་ཤིག་རྩེད་འགྲན་བྱས་པ་རེད། ད་རེས་འདིར་སློབ་གྲྭ་ཁག་༦ ནས་གུང་གསེང་ལ་མ་སོང་བའི་རྩེད་འགྲན་པ་ཚོ་རུག་རུག་བྱས་ནས་ཡོང་ཡོད་པ་རེད། དངོས་གནས་བྱས་ན་ཐོག་མའི་འཆར་གཞིར་ཧི་མ་ཅལ་མངའ་སྡེའི་རྐང་རྩེད་སྤོལ་ལོའི་རུག་ཁག་དང་བོད་རྒྱལ་ཡོིངས་རྩེད་རིགས་ཚོགས་ཆུང་གི་གོ་སྒྲིག་འོག རྒྱལ་སྤྱིའི་བུ་མོའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཞིག་བྱ་རྒྱུ་བྱས་པ་ཡིན། ཡིན་ན་ཡང་དེ་སྦྱིན་བདག་དང་རུ་ཁག་མང་པོ་ཞིག་གི་ཐད་ནས་གོ་སྒྲིག་བྱ་ཐུབ་མ་སོང་། དེར་བརྟེར་པན་ཇབ་ཀྱི་མཐོ་རིམ་སློབ་གྲྭ་ཁག་ཅིག་ནས་བུ་མོ་བདམས་ཏེ་ང་ཚོ་བོད་ཀྱི་བུ་མོའི་རུ་ཁག་དང་མཉམ་དུ་རྩེད་འགྲན་བྱས་པ་རེད། ཐོབ་ཤོར་ལ་མ་བལྟས་པར་ང་ཚོར་གོ་སྐབས་རག་དགོས་ཀྱི་འདུག ༢༠༡༧ ལོར་རྒྱལ་ཡོངས་བོད་ཀྱི་བུ་མོའི་རྐང་སྤོལ་རྩེད་འགྲན་ཞིག་ཆགས་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།

ཡང་ཁོང་གིས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་ངོས་ནས་རྩེད་རིགས་གཞན་པ་གོ་སྒྲིག་བྱ་འཆར་ཡོད་མེད་ཀྱི་ཐད་ནས་བརྗོད་དོན། “ལག་རྩེད་སྤོ་ལོའི་འགྲན་བསྡུར་དེ་འཛིན་གྲྭ་༡༠ པ་ཡོད་པའི་སློབ་གྲྭ་ཁག་གི་ནང་འགྲོ་བཞིན་པ་རེད། དེ་མ་ཡིན་པའི་རྩེད་མོ་གཞན་པ་གོ་སྒྲིག་བྱ་རྒྱུར་དཔལ་འབྱོར་དང་ཆ་རྐྱེན་མང་པོ་ཞིག་ལ་བསྟུན་དགོས་པར་བརྟེན། དང་པོ་འགོ་འཛུགས་ཐུབ་ན་ཡང་མཇུག་སྐྱོང་མ་ཐུབ་ན་ཡག་པོ་མི་འདུག དེར་བརྟེན་དང་པོ་རྩེད་རིགས་ཉུང་ཉུང་ཞིག་ལས་གོ་སྒྲིག་བྱེད་མ་ཐུབ་ན་ཡང་དེ་དག་སྤུས་དག་པོ་ཞིག་ཡོང་རྒྱུའི་འཆར་གཞི་བཟུང་ཡོད་”ཅེས་བརྗོད་བྱུང་།

Share this:
༣༣ ཀློག་གྲངས།