ལུས་ཀྱི་ཆ་ཤས་ཤིག་སྦྱིན་པ་གཏོང་གི་ཡོད་རེད།

2013_6_14_2

མི་རིགས་དབྱེ་བ་མེད་པར་ནད་པ་ཚོར་ཁྲག་དགོས་ཚེ་ཐད་ཀར་བོད་ཀྱི་བདེ་རྩ་ཚོགས་པར་ཁ་པར་བཏང་ན། ང་ཚོས་ཁྲག་སྦྱིན་པ་གཏོང་མཁན་གྲ་སྒྲིག་བྱེད་ཀྱི་ཡོད་ཅེས་བོད་ཀྱི་བདེ་རྩ་ཚོགས་པའི་འགན་འཛིན་ཚེ་རིང་དོན་གྲུབ་ཀྱིས་རྒྱལ་སྤྱིའི་ཁྲག་སྦྱིན་ཉིན་མོ་སྲུང་བརྩིའི་ཐོག་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠ པའི་སྟེང་དྷ་སར་ཡོད་པའི་བོད་ཀྱི་བདེ་རྩ་ཚོགས་པའི་གོ་སྒྲིག་འོག བོད་ཀྱི་བདེ་རྩའི་ཚོགས་ཁང་དུ་རྒྱལ་སྤྱིའི་ཁྲག་སྦྱིན་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་སོང་ལ། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་དང་། དམིགས་བསལ་སྐུ་མགྲོན་བདེ་ལེགས་སྨན་ཁང་གི་སྨན་པ་དཀོན་མཆོག་རྡོ་རྗེ་གཉིས་ཀྱི་དབུས། ཁྲག་སྦྱིན་རུ་ཁག་གི་ཚོགས་མི་རྣམ་པ་དང་། དེ་བཞིན་ཚོགས་པ་ཁག་གི་སྐུ་ཚབ། བོད་ཀྱི་བདེ་རྩ་ཚོགས་པའི་སློབ་ཕྲུག་བཅས་མཉམ་འཛོམས་བྱས་འདུག

2013_6_14_2མཛད་སྒོའི་ཐོག་མར་བོད་ཀྱི་བདེ་རྩ་ཚོགས་པའི་འགན་འཛིན་ཚེ་རིང་དོན་འགྲུབ་ཀྱིས་འཚམས་འདྲིའི་གསུང་བཤད་གནང་སྐབས། དེ་སྔོན་ང་ཚོའི་སྤྱི་ཚོགས་ནང་ནད་པ་ཚོར་ཁྲག་གི་དགོས་མཁོ་བྱུང་ཚེས་ཁྲག་མ་རག་པའི་དཀའ་ངལ་མང་པོ་ཡོད་པར་བརྟེན། ཕྱི་ལོ་༢༠༡༢ ལོ་ནས་བོད་ཀྱི་བདེ་རྩ་ཚོགས་པས་ཁྲག་སྦྱིན་རུ་ཁག་ཅིག་བཙུགས་ཏེ་མང་ཚོགས་ཀྱི་དཀལ་ངལ་སེལ་གྱི་ཡོད་སྐོར་དང་འབྲེལ་གསུངས་དོན། “དེ་རིང་ང་ཚོས་རྒྱལ་སྤྱིའི་ཁྲག་སྦྱིན་གྱི་ཉིན་མོ་སྲུང་བརྩི་ཐེངས་གཉིས་པ་དེ་ཆགས་ཡོད་རེད། ང་ཚོས་ཁྲག་སྦྱིན་རུ་ཁག་འདི་འདྲ་ཞིག་གསར་འཛུགས་བྱེད་དགོས་དོན་གཙོ་བོ་དེ། བདེ་ལེགས་སྨན་ཁང་གཙོས་པའི་སྨན་ཁང་ཁག་གི་ནང་། མཚམས་རེར་ཛ་དྲག་གི་ཁྲག་དགོས་པའི་གནས་སྟངས་བྱུང་ཚེ། དུས་ཐོག་ལ་ཁྲག་མ་རག་པའི་དཀའ་ངལ་གྱིས་ནད་པའི་སྲོག་ལ་ཉེན་ཁ་ཡོང་གི་ཡོད་པ་སོགས་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་པར་བརྟེན། མང་ཆོགས་ཀྱི་དཀའ་ངལ་དེ་དག་སེལ་ཆེད་དུ་ང་ཚོས་ཁྲག་སྦྱིན་རུ་ཁག་འདི་བཙུགས་པ་ཡིན། དེང་སང་ནད་པར་ཁྲག་དགོས་ཚེ་ཐད་ཀར་བོད་ཀྱི་དགེ་རྩ་ཚོགས་པའི་འཕྲོད་བསྟེན་ཚན་པར་ཁ་པར་བཏང་ནས། ཁྲག་རིགས་འདི་འདྲ་ཞིག་དགོས་ཀྱི་འདུག་ཅེས་བརྗོད་ཚེ་ང་ཚོས་མི་ཁྲག་སྦྱིན་མཁན་གྲ་སྒྲིག་བྱེད་ཀྱི་ཡོད་རེད།

དེ་ཡང་མི་རིགས་ཀྱི་དབྱེ་བ་མེད་པར་སུས་ང་ཚོར་རེ་བ་བརྒྱབ་ན་ཡང་ཐད་ཀར་ཡིན་ཤག་ཤག་བྱེད་ཀྱི་ཡོད། དེར་བརྟེན་ལོ་སྔོན་མ་ནས་བཟུང་བོད་མི་རྒྱ་གར་ལ་ཁྲག་སྦྱིན་མཁན་དང་རྒྱ་གར་གྱི་མི་བོད་པར་ཁྲག་སྦྱིན་མཁན་ཡང་བྱུང་ཡོད་རེད། གནད་དོན་འདིའི་ཐོག་ནས་ཡུལ་མི་ཕན་ཚུན་བར་གྱི་འབྲེལ་བའི་ཐོག་ལ་ཤུགས་རྐྱེན་བཟང་པོ་ཞིག་ཐེབས་ཡོད་རེད་བསམ་གྱི་ཡོད”་ཅེས་དང་། མཐར་ཁོང་གིས་ཕྱི་ལོ་༢༠༡༢ ནས་༢༠༡༣ བར་ཁྲག་སྦྱིན་པ་གཏོང་མཁན་༡༠༥ ལྷག་བྱུང་སྐོར་དང་། ད་ལྟ་ཁྲག་སྦྱིན་པ་གཏོང་མཁན་༢༥༠ ལྷག་ཡོད་སྐོར། དེ་བཞིན་ལས་དོན་འདི་སྔར་ལྷག་ཡར་རྒྱས་འགྲོ་བར་ཁྲག་སྦྱིན་མཁན་ཚོ་གཙོས་པས། འབྲེལ་ཡོད་སྨན་ཁང་ཁག་དང་མི་མང་ཚང་མས་རྒྱབ་སྐྱོར་བྱེད་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།

དེ་ནས་དམིགས་བསལ་སྐུ་མགྲོན་བདེ་ལེགས་སྨན་ཁང་གི་སྨན་པ་དཀོན་མཆོག་རྡོ་རྗེས་གསུང་བཤད་གནང་སྐབས། ནམ་རྒྱུན་མིའི་གཟུགས་པོར་དགོས་པའི་ཁྲག་གི་ཤུགས་ཚད་དེ་བརྒྱ་ཆ་༡༢ ཡོད་ན་འགྲིག་གི་ཡོད་པར་བརྟེན ། མིའི་གཟུགས་པོར་དགོས་པའི་ཁྲག་གི་ཤུགས་ཚད་ལས་བརྒལ་ཡོད་ན་གཞན་པར་ཁྲག་སྦྱིན་པ་བཏང་ན་དེས་གཟུགས་པོར་གནོད་ཀྱི་མེད་སྐོར་དང་། བོད་ཀྱི་བདེ་རྩ་ཚོགས་པའི་ཁྲག་སྦྱིན་རུ་ཁག་གིས་བོད་ཀྱི་སྤྱི་ཚོགས་ནང་གི་དཀའ་ངལ་ཆེན་པོ་ཞིག་སེལ་གྱི་ཡོད་པར་བརྟེན། མ་འོངས་པར་ཁྲག་སྦྱིན་མཁན་ཚོ་གཙོས་པའི་མི་མང་ཚང་མ་མཉམ་ཞུགས་ཀྱིས་རྒྱབ་སྐྱོར་བྱེད་དགོས་སྐོར། དེ་བཞིན་ལོ་གཞོན་པའི་སྐབས་སུ་ཁྲག་སྤྱིན་པར་བཏང་ན་ཡང་གཟུགས་པོས་ཁྲག་ལམ་སང་གསོ་ཐུབ་ཀྱི་ཡོད་པར་བརྟེན་དེ་ལ་རྔམ་སྐྲག་དེ་འདྲ་བྱེད་དགོས་ཀྱི་མེད་སྐོར་དང་། ཁྲག་སྦྱིན་པ་གཏོང་སྐབས་ཁྲག་བརྟག་དཔྱད་བྱེད་སྟངས་སོགས་ཀྱི་སྐོར་ནས་ལམ་སྟོན་གནང་སོང་།

2013_6_14_1སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་གྱིས་གསུང་བཤད་གནང་སྐབས། “རྩ་བས་མིོ་སུ་ཡིན་ན་ཡང་སོ་སོའི་གཟུགས་པོའི་ཁྲག་མི་གཞན་པར་སྦྱིན་པར་གཏོང་རྒྱུ་དེ་ལས་པོ་ཞིག་མ་རེད། ཆོས་ཕྱོགས་ནས་བཤད་ན་སྔོན་མ་སངས་རྒྱས་ཀྱིས་སྟག་མོ་ལུས་སྦྱིན་བཏང་པ་རེད། དུས་རབས་འདིའི་ནང་ལུས་ཀྱི་སྦྱིན་པ་གཏོང་མཁན་དཀོན་པོ་རེད། ཡིན་ན་ཡང་ཁྲག་སྦྱིན་པ་གཏོང་མཁན་ཚོས་ལུས་ཀྱི་ཆ་ཤས་ཤིག་སྦྱིན་པ་གཏོང་གི་ཡོད་པ་གསལ་པོ་རེད། དེ་ལྟ་བུའི་ལུས་ཀྱི་ཆ་ཤས་ཤིག་སྦྱིན་པ་གཏོང་འདོད་ཀྱི་ཀུན་སློང་དེ་ཧ་ཅང་གི་རྩ་ཆེན་པོ་རེད། དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཏག་ཏག་འབྲེལ་བ་ཡོད་རེད། མིང་དང་དཔལ་འབྱོར་དེ་འདྲར་དམིགས་ནས་ཁོང་ཚོས་ཁྲག་གི་སྦྱིན་པ་གཏོང་གི་ཡོད་མ་རེད། དེར་བརྟེན་ཆོས་ཕྱོགས་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པ་ཞིག་དང་། འབྲེལ་བ་ཡོད་པ་ལྟར་ཁྲག་སྦྱིན་པ་གཏོང་མཁན་ཚོས་ཀུན་སློང་བཟང་པོ་ཞིག་གི་ཐོག་ནས་སྦྱིན་པ་བཏང་བ་དེར། ང་ཚོ་ཁྲག་སྦྱིན་པ་གཏོང་མི་ཐུབ་མཁན་ཚོའི་ངོས་ནས་ནམ་ཡང་རྗེས་སུ་ཡི་རངས་བྱེད་དགོས་པ་གལ་ཆེན་པོ་དང་། མ་འོངས་པར་ཁོང་ཚོར་མིག་དཔེར་བལྟས་ནས་ཁྲག་སྦྱིན་པ་གཏོང་དགོས་ཀྱི་ཡོད་རེད”་ཅེས་དང་། ཡང་ཁོང་གིས་བོད་ཀྱི་བདེ་རྩ་ཚོགས་པས་ང་ཚོའི་སྤྱི་ཚོགས་ནང་མི་མང་གི་དཀའ་ངལ་སེལ་ཆེད་ལས་ཀ་འདི་འདྲ་ཞིག་བྱེད་ཐུབ་པ་དེ་ཚང་མས་བསྔགས་བརྗོད་བྱ་དགོས་པ་ཞིག་དང་། མ་འོངས་པར་མི་སུ་དང་སུ་ཡིན་རུང་འདི་ལྟ་བུའི་ཚོགས་པ་གསར་འཛུགས་ཀྱིས་སྤྱི་ཚོགས་ཞབས་ཞུའི་འགན་ཁུར་བྱ་དགོས་སྐོར། དེ་བཞིན་བོད་ཀྱི་བདེ་རྩ་ཚོགས་པས་བོད་མིའི་སྤྱི་ཚོགས་ནང་མི་མང་གི་དཀའ་ངལ་སེལ་ཆེད་ལས་ཀ་མང་པོ་ཞིག་བྱེད་ཀྱི་ཡོད་པ་དེར་ཚང་མས་རྒྱབ་སྐྱོར་བྱ་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།

མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་གྱིས་བོད་ཀྱི་བདེ་རྩ་ཚོགས་པའི་ཁྲག་སྦྱིན་པ་གཏོང་མཁན་ཚོར་བསྔགས་བརྗོད་ཀྱི་དར་ཁ་ཡང་ཕུལ་སོང་ལ། མཐར་བོད་ཀྱི་བདེ་རྩ་ཚོགས་པའི་དྲུང་ཡིག་ཡེ་ཤེས་སྒྲོལ་མས་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་སོང་།

བོད་ཀྱི་བདེ་རྩ་ཚོགས་པའི་ཁྲག་སྦྱིན་རུ་ཁག་གིས་ཕྱི་ལོ་༢༠༡༢ ནས་༢༠༡༣ བར་མི་༡༠༥ ལྷག་ལ་ཁྲག་གི་སྦྱིན་པ་བཏང་ཡོད་འདུག་པ་དང་། དེ་བཞིན་ད་ལྟ་ཁྲག་སྦྱིན་པ་གཏོང་མཁན་༢༥༠ ལྷག་གྲ་སྒྲིག་བྱས་ཡོད་པ་རེད་འདུག

Share this:
༣༤ ཀློག་གྲངས།