རང་ལུས་མེར་སྲེག་གཏོང་མཁན་བཙུན་མ་དེ་དབང་ཆེན་སྒྲོལ་མ་རེད།

ཕྱི་ཟླ་ ༦ ཚེས་ ༡༤ ཉིན་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་ ༡༡ ཉིན་ཁམས་རྟའུ་རྫོང་ཐོག་ཏུ་རང་ལུས་མེར་སྲེག་གཏོང་མཁན་གྱི་བཙུན་མ་དེའི་མིང་ལ་དབང་ཆེན་སྒྲོལ་མ་ཟེར་གྱི་ཡོད་པ་དང་། ཁོང་མོས་རང་ལུས་མེར་སྲེག་བཏང་བའི་སྐབས་སུ་ད་དུང་ས་གནས་ཀྱི་བོད་མི་གཞན་པ་ཞིག་ཀྱང་ཉེན་རྟོག་དམག་གིས་འཛིན་བཟུང་བྱས་ནས་ད་ལྟ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

གནས་ཚུལ་དེའི་སྐོར་རྒྱ་གར་ལྷོ་ཕྱོགས་ནས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་ཡ་མ་ཚེ་རིང་དང་དེ་མིན་བོད་ནས་འབྲེལ་ཡོད་མི་སྣ་གཞན་བཅས་བརྒྱུད་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༡ ཁམས་རྟའུ་རྫོང་ཐོག་ནས་རང་ལུས་མེར་སྲེག་གཏོང་མཁན་གྱི་བཙུན་མ་དེའི་མིང་ལ་དབང་ཆེན་སྒྲོལ་མ་ཟེར་གྱི་ཡོད་པ་དང་། རང་ལོ་ ༣༡ དང་ཕ་ཡུལ་རྟའུ་རྫོང་ཁོངས་དང་ཉག་ཆུའི་ས་མཚམས་སུ་ཡོད་པའི་འདྲ་པ་ཟེར་ས་ནས་རེད་འདུག

བཙུན་མ་དེ་ནི་རྟའུ་རྦར་ཞབས་བྲག་དཀར་ཞེས་པའི་གནས་རི་ཞིག་ཏུ། སྤྲུལ་སྐུ་ཆོས་ཀྱི་ཉི་མ་ཞུ་བ་ཞིག་གིས་ཕྱག་བཏབ་གནང་བའི་གྲྭ་བཙུན་གཉིས་ཀ་བཞུགས་སའི་ཆོས་སྒར་ཞིག་ཡོད་པ་དེ་ནས་རེད་ཟེར། དགོན་པ་དེར་བྲག་དཀར་བཙུན་དགོན་ཞུ་བཞིན་པ་ལས་མིང་གསལ་པོ་ཤེས་རྟོགས་བྱུང་མི་འདུག ཡིན་ནའང་། ཕྱི་ལོ་ ༢༠༡༡ ལོར་རང་ལུས་མེར་སྲེག་གཏོང་མཁན་རྟའུ་བཙུན་མ་དཔལ་ལྡན་ཚོས་མཚོའི་བཞུགས་གནས་བཙུན་དགོན་བྲག་དཀར་བྱང་ཆུབ་ཆོས་གླིང་དང་ཐ་དད་རེད་འདུག

བཙུན་མ་དབང་ཆེན་སྒྲོལ་མས་རང་ལུས་མེར་སྲེག་གཏོང་སྐབས་ས་གནས་ཀྱི་མི་སེར་མིང་བརྗོད་འདོད་མེད་པ་ཞིག་གིས་དངོས་སུ་མིག་མཐོང་བྱུང་བའི་གནས་ཚུལ་བརྗོད་པ་ལྟར། མི་དེ་ཐོག་མར་རྟའུ་ཉ་མཚོ་དགོན་པའི་འཁྲིས་ནས་མར་འགྲོ་བཞིན་པའི་སྐབས་སུ་ལམ་རྒྱུད་ཞིག་ཏུ་ས་སྣུམ་གྱིས་བཀང་བའི་འགྱིག་དམ་ཞིག་ཡོད་པ་མཐོང་ཡོད་པ་དང་། དེ་ནས་ཡར་ལོག་ཡོང་པའི་སྐབས་སུ་ཡང་ས་སྣུམ་འགྱིག་དམ་དེ་སྔར་བཞིན་ཡོད་འདུག ཡིན་འང་། ཅུང་མ་འགོར་བར་གློ་བུར་དུ་རྒྱབ་ཕྱོགས་ནས་སྒྲ་སྐད་ཆེན་པོ་ཞིག་ཐོས་སྟེ། ཁོས་འཁོར་ནས་བལྟས་སྐབས། བཙུན་མ་ཞིག་གིས་རང་ལུས་མེར་སྲེག་བཞིན་པ་དངོས་སུ་མཐོང་ཡོད་འདུག ད་དུང་སྐབས་དེར་མི་གཞན་པ་ཞིག་གིས་ཀྱང་རང་ལུས་མེར་སྲེག་གཏོང་མཁན་གྱི་བཙུན་མ་དེའི་ལུས་ཀྱི་མེ་བསད་ནས་བདག་པོ་མ་བརྒྱབ་ན་རྒྱ་དམག་གི་ལག་ཏུ་ཤོར་ཀྱི་རེད་ཅེས་སྐད་བརྒྱབ་སྟེ་བྲེལ་འཚུབ་བྱེད་བཞིན་ལག་ནས་ཁ་དར་ཞིག་ཀྱང་མེས་འཚིག་བཞིན་པའི་བཙུན་མ་དེའི་ཐོག་འཕང་སོང་ལ། ཁོ་དང་རོགས་པ་གཞན་བཅས་ཀྱི་ཀྱང་བཙུན་མ་དེའི་ཐོག་ཁ་དར་འཕང་བ་ཡིན་ཞེས་རྗོད་འདུག

ཁོས་མུ་མཐུད་དུ་བརྗོད་པ་ལྟར་ན། བཙུན་མ་དེས་རང་ལུས་མེ་རུ་སྤར་ནས་སྐར་མ་ཁ་ཤས་ཀྱི་ནང་ལ་ས་གནས་ཀྱི་ཉེན་རྟོག་དམག་མི་འབྱོར་ཏེ་ལམ་སང་མེ་གསོད་འཕྲུལ་ཆས་ཀྱིས་མེ་བསད་པ་དང་། རས་དཀར་པོ་ཞིག་གི་བཏུམས་ཏེ་རླངས་འཁོར་ནང་བཅུག་རྗེས་ས་གནས་རྫོང་གི་སྨན་ཁང་དུ་ཁྱེར་ཡོད་པ་དང་། དེ་དང་མཉམ་དུ་བཙུན་མའི་ལུས་ཀྱི་མེ་བསད་དེ་བདག་པོ་མ་བརྒྱབ་ན་རྒྱ་དམག་གི་ལག་ཏུ་ཤོར་གྱི་རེད་ཟེར་ནས་སྐད་རྒྱག་མཁན་དེ་ཡང་ཉེན་རྟོག་དམག་མི་གཉིས་ཀྱིས་བཟུང་ནས་གཅར་རྡུང་བྱེད་ཞོར་དུ་རླངས་ཁོར་ནང་ཁྱེར་སོང་བ་དང་། ཅང་མ་འགོར་བཙུན་མ་དེ་དམག་གི་རླངས་འཁོར་ཆེན་པོ་གཞན་གསུམ་གྱིས་ལྟ་སྲུང་འོག་དར་མདོའི་སྨན་ཁང་ཞིག་ཏུ་ཁྱེར་ཡོད་པ་རེད་ཅེས་བརྗོད་འདུག

ད་ལྟ་བཙུན་མ་དབང་ཆེན་སྒྲོལ་མ་དང་ལྷན་དུ་འཛིན་བཟུང་བཙན་ཁྲིད་བྱས་པའི་མི་དེས་རྟའུ་སྐད་རྒྱག་གི་ཡོད་པར་གཞིགས་ན་རྟའུ་བ་ཞིག་ཡིན་པ་ཙམ་ལས་ངོ་རྟགས་མ་ཆོད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་འདུག

གཞན་ཡང་ས་གནས་ཀྱི་གཞོན་ནུ་ཞིག་གིས་བཙུན་མ་དབང་ཆེན་སྒྲོལ་མས་རང་ལུས་མེར་སྲེག་མ་བཏང་སྔོན་ཙམ་ལ་ས་གནས་དེའི་ཉེ་འཁྲེས་ཤིག་ཏུ་ལག་ཏུ་ཤེལ་དམ་ཞིག་བཟུང་ནས་བསྡད་ཡོད་པ་མཐོང་ཡོད་འདུག་ནའང་། དེ་ལ་དམིགས་བསལ་དོ་སྣང་གང་ཡང་བྱུང་མེད་པ་རེད་འདུག

དེང་སྐབས་བཙུན་མ་དབང་ཆེན་སྒྲོལ་མ་ཁམས་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་གནས་སྟངས་ག་འདྲ་ཡོད་མེད་ཤེས་རྟོག་མེད་པར་ཡོད་པ་དང་། ཁོང་མོའི་ཕ་མའམ་ནང་མི་ཞིག་ཐུག་འཕྲད་དུ་ཕྱིན་ཡོད་སྐོར་ཞིག་ས་གནས་མི་མང་ནང་བརྗོད་བཞིན་འདུག ཡིན་ནའང་། ཕ་མའི་མིང་དང་། ནང་གི་གནས་སྟངས། དེ་བཞིན་རྦར་ཞབས་བྲག་དཀར་དགོན་པའི་གནས་སྟངས་སོགས་ག་འདྲ་ཡོད་མེད་ས་གནས་སུ་བརྒྱུད་ལམ་ཁག་བཀག་ཟིན་པ་དང་། དམ་དྲག་ཆེན་པོ་ཡོད་པར་བརྟེན་རྒྱུས་ལོན་བྱེད་ཐུབ་ཀྱི་མེད་པ་རེད། གཞན་ཡང་། དེང་སྐབས་རྒྱ་གར་ནང་ཕྲ་འཕྲིན་(WeChat)་བརྒྱུད་ལམ་རེ་ཟུང་ནང་ཕྱི་ཚེས་ ༡༡ ཉིན་ཁམས་རྟའུ་ནས་རང་ལུས་མེར་སྲེག་གཏོང་མཁན་གྱི་འདྲ་པར་རེད་ཅེས་བཙུན་མ་ཞིག་གི་འདྲ་པར་བརྒྱུད་གཏོང་བྱེད་བཞིན་ཡོད་པ་དེ་བཞིན་རྒྱ་གར་ཏུ་ཡོད་པའི་རྟའུ་ཉ་མཚོའི་འབྲེལ་ཡོད་མི་སྣ་ཚོས་ཁུངས་དག་མིན་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། །

མེ་སོར་གསར་འགོད་པས།

Share this:
༥༩ ཀློག་གྲངས།