ཨ་རིའི་གཞུང་ཚབ་ལྷ་སར་གཟིགས་སྐོར་དུ་ཕེབས་པ།

2013_6_28_1

རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་གྷེ་རེ་ལོཀ་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་དབུས་ཕྱོགས་ཀྱི་ས་ཁུལ་ཁག་གཅིག་ནང་གཟིགས་སྐོར་དུ་ཕེབས་ཏེ། རྒྱ་ནག་གི་འགོ་ཁྲིད་ཚོར་བོད་ནང་རྒྱལ་སྤྱིའི་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་གཏོང་དགོས་སྐོར་བརྗོད་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༦ ཉིན་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་གྷེ་རེ་ལོཀ་མཆོག་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་དབུས་ཕྱོགས་ཀྱི་ས་ཁུལ་ཁག་གཅིག་ནང་གཟིགས་སྐོར་དུ་ ཕེབས་ཡོད་པ་དང་། སྐབས་དེར་ཁོང་གིས་རྒྱ་ནག་གི་འགོ་ཁྲིད་ཚོར་བོད་ཀྱི་ས་ཁུལ་ནང་ཕྱི་རྒྱལ་སྐུ་ཚབ་དང་རྒྱལ་སྤྱིའི་གསར་འགོད་པ། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་བཅས་གཏོང་དགོས་སྐོར་གྱི་རེ་འདུན་ཤུགས་ཆེ་བཏོན་ཡོད་འདུག

2013_6_28_1

ཐེངས་འདིར་སྐུ་ཞབས་གྷེ་རི་ལོཀ་མཆོག་རང་གི་ནང་མི་དང་གཞུང་ཚབ་ཁང་གི་ལས་བྱེད་པ་ཁག་གཅིག་ལྷན་དུ་ཕེབས་ཏེ། གཟིགས་སྐོར་སྐབས་གཞུང་ཚབ་པ་མཆོག་གིས་བོད་ཀྱི་ས་ཁུལ་ཁག་གི་ས་གནས་གཞུང་གི་ལས་བྱེད་པ་དང་ས་གནས་མང་ཚོགས་ཁག་གཅིག་ལ་འདྲི་རྩད་གནང་ཡོད་པ་རེད་འདུག ཁོང་གི་གཟིགས་སྐོར་དེ་༢༠༡༣ ཟླ་ ༦ ཚེས་ ༢༨ ཉིན་མཇུག་སྒྲིལ་གནང་རྒྱུ་ཡིན་པ་གསར་འགོད་མཐུན་ཚོགས་ The Associated Press ཀྱིས་གནས་ཚུལ་སྤེལ་ཡོད་པ་རེད།

ད་ཐེངས་གཞུང་ཚབ་པ་མཆོག་གི་བོད་ནང་དུ་གཟིགས་སྐོར་ཕེབས་པའི་གནས་ཚུལ་ཐད། རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་ཁང་གི་མགྲིན་ཚབ་པ་གཞོན་པ་སྐུ་ཞབས་ཇེ་སི་ཊིན་ཧི་གིང་སི་ Justin Higgins མཆོག་གིས་གསུང་དོན་ལྟར་ན། ཕྱི་ལོ་༢༠༡༠ ཟླ་༩ ནས་བཟུང་རྒྱ་ནག་གཞུང་གིས་ཐེངས་དང་པོར་ཨ་རིའི་གཞུང་ཚབ་པ་དེར་བོད་ནང་དུ་ཕེབས་རྒྱུའི་ཆོག་མཆན་སྤྲད་པ་ཞིག་ཆགས་ཡོད་འདུག ཡང་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གིས་འགྲེལ་བརྗོད་གནང་དོན་ལྟར་ན། སྐུ་ཞབས་ལོཀ་མཆོག་གིས་བོད་དེ་འཛམ་གླིང་ཕྱི་ལ་སྒོ་འབྱེད་རྒྱུའི་འབད་བརྩོན་གནང་ཡོད་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང། སྐད་ཡིག་བཅས་བོད་མིའི་ཐུན་མིན་ཁྱད་ཆོས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེ་ཡིན་སྐོར་རྒྱ་ནག་འགོ་ཁྲིད་ཚོར་གསལ་སྟོན་གནང་ཡོད་འདུག

Share this:
༡༥ ཀློག་གྲངས།