ཞི་བདེའི་འོད་སྟོང་འཕྲོ་བའི་ཉིན་མོ།

སེར་ཤུལ་རིན་ཆེན་དོན་གྲུབ།

སླེབ་ལ་ཆེ་བའི་སྤྱི་ཟླ་བདུན་པའི་ཚེས་དྲུག་ནི་འཇིག་རྟེན་ཞི་བདེའི་སྐྱེས་མཆོག་ཞིག་གི་སྐུ་ཡི་འཁྲུངས་སྐར་གྱི་དུས་ཆེན་ཡིན་ཞིང་། འགྲོ་བ་རྣམས་ཀྱི་སེམས་ཀྱི་ཞིང་སར་བྱམས་བརྩེ་དང་ཞི་བདེའི་བྱིན་རླབས་འཇོ་བའི་འགོ་རྩོམ་པའི་ཉིན་མོའང་ཡིན། རླབས་ཆེན་གྱི་སྐྱེས་བུ་ཁོང་གིས་བྱམས་སྙིང་རྗེའི་སྙིང་པོ་ཅན་གྱི་ནང་བསྟན་རིག་པའི་གཞུང་ལུགས་ཀྱི་དགོངས་དོན་ཉམས་སུ་བསྟར་བའི་གོ་རིམ་གྱི་ཁྲོད་དུ།  གཉིས་ཕན་དང་། འཚེ་བ་མེད་པའི་ལྟ་གྲུབ་ནི་འགྲོ་བ་མིའི་བདེ་སྐྱིད་ཀྱི་རྩ་བར་མཐོང་ཞིང་།

བདེ་སྡུག་འདོད་མིན་མཉམ་པའི་གཞི་རིམ་གྱི་གནས་སྟངས་འོག་འགྲོ་བ་མིའི་གཞི་རིམ་གྱི་བཟང་སྤྱོད་གོང་འཕེལ་དང་། ཆོས་ལུགས་མཐུན་སྒྲིལ།  བོད་གངས་ཅན་པའི་རྩ་དོན་སྒྲུབ་ཐབས་ཀྱི་འགན་ཁུར་ཕྲག་ཏུ་ལེན་པའི་མཛད་སྤྱོད་ཀྱིས་གོ་ལ་ཧྲིལ་བོའི་མིའི་རིགས་ཀྱི་བསམ་པའི་སློབ་སྟོན་པར་བཀུར་ཞིང་།  འགྲན་བྲལ་གྱི་སློབ་དཔོན་ཆེན་པོར་གྱུར།  བོད་གངས་ཅན་པའི་ལོ་རྒྱུས་བྱུང་རིམ་གྱི་ནང་དུ་འཛམ་གླིང་ཧྲིལ་བོའི་མིའི་རིགས་ཀྱི་སློབ་དཔོན་ཆེན་པོར་གྱུར་ཅིང་སྟོབས་དང་ང་རྒྱལ་གྱིས་དྲེགས་པའི་འཛམ་གླིང་ཆེ་དགུ་དག་གིས་སྤྱི་བོར་བཀུར་ཏེ་འཛམ་གླིང་རྒྱལ་སྤྱིའི་དབུ་འཁྲིད་དུ་མངའ་དབང་གསོལ་བའི་དེད་དཔོན་ཆེན་པོ་ནི་ཁོང་ཉིད་ཁོ་ན་ཙམ་དུ་ཟད་དོ།།  བོད་གངས་ཅན་པ་ནི་རང་གི་རྒྱལ་ཁབ་གཞན་གྱི་བཙན་འོག་ཏུ་ཤོར་བའི་མི་རིགས་གཉོམ་ཆུང་ཞིག་ཡིན་མོད་སྤོབས་པས་ངོམ་འོས་པའི་ཡང་དག་པའི་དབུ་འཁྲིད་འདི་ལྟ་བུ་ཞིག་ཡོད་པ་ནི་བསོད་ནམས་ཀྱི་བགོ་སྐལ་ཞིག་དང་དགེ་མཚན་གྱི་ཁྱད་ནོར་ཞིག་ཡིན་པའི་གོ་རྟོགས་སད་དགོས་པ་ཧ་ཅང་གལ་ཆེ།  

ང་ཚོར་གདོད་མ་ནས་གཤིས་ལུགས་ཁྱད་མཚར་ཞིག་རང་ཆས་སུ་ཡོད་པ་སྟེ།  ཨ་གསར་གྱི་རྣམ་པས་རང་ལ་ཡོད་པ་དེ་སྨད་པ་དང་གཞན་གྱི་ཡོད་ཚད་ལ་སྨོན་པའི་སྤྱོད་ཚུལ་འདི་རང་གི་ཤེས་རྒྱུད་ནས་རྒྱང་ཕུད་དུ་གཏོང་དགོས་པ་མ་ཟད།  རང་ཚུགས་དང་དཔྱོད་ཤེས་ཀྱིས་རང་ཉིད་ལ་ཡོད་པའི་ཡང་དག་པའི་དབུ་འཁྲིད་འདིའི་གཞན་ཕན་གྱི་མཛད་སྤྱོད་དང་། དེ་གང་ལས་འབྱུང་བའི་རྒྱབ་ལྗོངས་སོགས་ལ་ལེགས་པར་བརྟགས་ནས་ཁོང་གི་ངོ་མཚར་བའི་ཐུགས་ཡོན་དང་།  ཁྱད་དུ་འཕགས་པའི་མཛད་སྤྱོད་ཀྱི་རྗེས་སུ་འབྲང་རྒྱུ་ནི་ཁོངགི་འཁྲུངས་སྐར་སྲུང་བརྩི་དང་བཀའ་དྲིན་རྗེས་དྲན་གྱི་མཆོག་དང་།   རབ་དང་། ཕུལ་ལོོ།།  དེས་ན་འཛམ་གླིང་ཤར་ནུབ་གྱི་རྒྱལ་ཁབ་དང་་ཡུལ་གྲུ་གང་སར་གནས་པའི་ཤ་རུས་གཅིག་པའི་གངས་ཅན་པ་ཡོངས་ལ་བཀྲ་ཤིས་པའི་ཉིན་མོ་འདི་དང་བསྟུན་ནས་ངེས་པར་བྱ་དགོས་པའི་དོན་ཚན་འགའ་ཞིག་སེམས་ཁོང་གི་རེ་བའི་འོད་མདངས་ཀྱིས་སྐུལ་མ་ཙམ་དུ་བརྗོད་པར་སྤྲོ་སྟེ། གཅིག “ནོར་བུ་རང་ལ་ཡོད་དུས།།  ནོར་བུས་ནོར་ཉམས་མ་ཆོད།།  ནོར་བུ་གཞན་ལ་ཤོར་དུས།། སྙིང་རླུང་སྟོད་ལ་འཚང་སོང་།།” ཞེས་༸རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོའི་གཏིང་ཟབ་ཅིང་རྒྱ་ཆེ་བའི་སློབ་སྟོན་འདིར་ཡང་དང་ཡང་དུ་བསམ་ཞིང་བསམ་སྟེ་ནོར་བུ་རང་ལ་ཡོད་དུས་ནོར་བུས་ནོར་ཉམས་ཆོད་པ་བྱ་དགོས།

གཉིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་འགན་ཁུར་གསུམ་སྟེ་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་དང་། ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་བཅས་ལ་དེ་རིང་ནས་བཟུང་རང་ནུས་གང་ཡོད་ཀྱིས་གཞོགས་འདེགས་བྱ་རྒྱུའི་དམ་བཅའ་འཇོག་དགོས། གསུམ། ཁོང་གི་ཉམས་བཞེས་ཀྱི་གདམ་པ་སྟེ་ནང་བསྟན་རིག་པའི་གཞུང་ལུགས་ཀྱི་སྙིང་དོན་ལ་ཐོས་བསམ་དང་ཉམས་ལེན་གང་ཐུབ་བྱ་རྒྱུའི་ཆོད་སེམས་དང་བཅས་ཉིན་མོ་འདི་སྲུང་བརྩི་བྱ་དགོས། བཞི། ༸གོང་ས་མཆོག་དགོངས་གྲངས་བདུན་ཅུ་དུང་བརྒྱད་ལ་ཕེབས་ཡོད་པ་དང་ཕྱིས་སུ་དགོངས་ལོ་ག་ཚད་འཚོ་བཞུགས་ཐུབ་མིན་གྱི་མི་རྟག་རང་གཤིས་ལ་བསམ་བློའི་ནུས་ཤུགས་ཀྱི་ཁ་ཕྱོགས་བརླན་ནས་ཁོང་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་ཁོང་གི་གཞན་ཕན་མཆོག་གྱུར་གྱི་དགོངས་གཞི་དག་ལས་རང་གི་གང་ནུས་ཀྱི་ལས་བྱ་རེ་བསྒྲུབ་པར་དེ་རིང་ནས་ཞུགས་དགོས། དོན་ཚན་འདི་དག་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱེད་ཕྱོགས་ཀྱི་བསམ་ཚུལ་ཙམ་ཡིན་ལ་འབྲི་བ་བོ་རང་ཉིད་ཀྱིས་ཀྱང་དེ་རིང་ནས་བཟུང་དམ་བཅའ་གསར་བ་ཞིག་དང་བློ་སྟོབས་གསར་བ་ཞིག་བསྐྱེད་ནས་ཁོང་གི་དགོངས་གཞི་གང་ནུས་སྒྲུབ་ཐབས་བྱ་རྒྱུའི་དམ་བཅའ་སྙིང་ཐག་པ་ནས་བཞག་ངེས་ཡིན། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་གནས་པའི་བརྩེ་བའི་དྲ་གྲོགས་དང་།  རྩོམ་གྲོགས། ཀློག་པ་པོ། ཤ་རུས་ཀྱི་འབྲེལ་བ་མཐུད་པའི་གདོང་དམར་བོད་པ་ཡོངས་དང་། ཞི་བདེ་དང་བྱམས་བརྩེའི་རིན་ཐང་གཙུག་ཏུ་བཀུར་ཞིང་༸གོང་ས་ཏཱ་ལའི་བླ་མའི་ཞབས་འོག་ཏུ་བཏུད་པའི་སའི་གོ་ལའི་སྐྱེ་འགྲོ་ཡོངས་ལ༸གོང་ས༸སྐྱམས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་སྐུ་ཉིད་ཀྱི་བསམ་དོན་ལྷུན་གྱིས་འགྲུབ་ཅིང་ནད་མེད་ཚེ་རིང་དང་བྱ་བ་ལམ་འགྲོ་ཡོངས་པའི་སྨོན་འདུན་བརྒྱ་ཕྲག་བཅས་གུས་མིང་སེར་ཤུལ་རིན་ཆེན་དོན་གྲུབ་ཀྱིས་༢༠༡༣/༦/༢༨ ལ་གུས་པས་ཕུལ།། །།

Share this:
༡༤༡ ཀློག་གྲངས།