མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཐེངས་བཅུ་བཞི་པ།

མདོ་ཁམས་འཇང་དགུན་ཆོས་ཐོག་ཆེན་མོ་ཐེངས་བཅུ་བཞི་པ་དེ་ཟླ་འདིའི་ཕྱི་ཚེས་༢༨ ནས་དབུ་འཛུགས་ཀྱིས་ཉིན་གྲངས་བཅུ་གཉིས་ཀྱི་རིང་། ཡུལ་ཤུལ་མ་དགོན་དགེ་ལྡན་ཕུན་ཚོགས་བཤད་སྒྲུབ་དར་རྒྱས་གླིང་དུ་འཚོགས་བཞིན་ཡོད་པ་རེད།

dhokham_jangདེ་ཡང་སེར་བྱེས་གྲྭ་ཚང་གི་གྲྭ་ཐུབ་བསྟན་རིག་བཟང་གིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༨ ཉིན་མདོ་ཁམས་འཇང་དགུན་ཆོས་ཐོག་ཆེན་མོ་ཐེངས་བཅུ་བཞི་པ་ད་ལྟ་ཡུལ་ཤུལ་མ་དགོན་དུ་འཚོགས་ཡོད་པ་དང་། འཇང་དགུན་ཆོས་ཐོག་ཚོགས་པས་དགོན་ཁག་བརྒྱ་ལ་ཉེ་བར་མགྲོན་འབོད་བཏང་ཡོད་ལ་དགོན་པ་འདི་ཉིད་ཀྱིས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་གཉེར་བ་ཉིས་སྟོང་ལ་སྡོད་གུར་སོགས་གོ་སྒྲིག་གནང་འདུག ལོ་སྔ་མ་རྣམས་ལྟར་ཐེངས་འདིར་དགོན་ཁག་བཞི་བཅུ་ལ་ཉེ་བའི་སློབ་གཉེར་བ་ཆིག་སྟོང་བརྒྱད་བརྒྱ་ཙམ་འདུ་འཛོམས་ཐུབ་པའི་ཚོད་རྩིས་བྱེད་བཞིན་འདུག་ལ། ཕྱི་ཚེས་༢༨ ནས་དབུ་འཛུགས་ཀྱི་ཚེས༩བར་ཉིན་གྲངས་བཅུ་གཉིས་ཀྱི་རིང་འཚོགས་རྒྱུ་ཡིན་འདུག

གནས་ཚུལ་མཁོ་སྤྲོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་འཇང་དགུན་ཆོས་འཚོགས་ཡུལ་ཤུལ་མ་དགོན་དུ་དགེ་འདུན་གྲངས་སུམ་བརྒྱ་ལྷག་དང་བླ་སྤྲུལ་ལྔ་ཡོད་འདུག་པ་དང་། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་ནང་ནས་དགོན་པ་འདིར་ཆོས་རྭ་གསར་བཙུགས་ཀྱིས། སློབ་གཉེར་བར་དཔེ་ཁྲིད་རྒྱུན་བཙུགས་ནས་ད་བར་མི་ལོ་ཉི་ཤུ་རྩ་གྲངས་ཀྱི་རིང་ཕྱོགས་གང་ས་ནས་ཕེབས་པའི་སློབ་གཉེར་བ་ཚོར་ཕན་ཐོགས་ཆེན་པོ་བྱུང་ཡོད་འདུག ད་ལྟ་དགོན་སྡེ་འདིར་འཛིན་རིམ་ལྔ་ཡོད་ལ་བསྡུས་ཆུང་ནས་སྐབས་གཉིས་པའི་བར་སློབ་གཉེར་བྱེད་བཞིན་ཡོད།

མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཞེས་པའི་ཆོས་ཐོག་འདི་མདོ་ཁམས་རྫ་ཆུ་ཁའི་སློབ་གཉེར་བ་འགས་གསར་འཛུགས་ཀྱིས། ཕྱི་ལོ་༡༩༩༩ ལོར་ཐེངས་དང་པོ་དབོན་པོ་དགོན་དུ་འཚོགས་པ་དང་། ཐེངས་གཉིས་པ་ཕྱི་ལོ་༢༠༠༠ལོར་སེར་ཤུལ་དགོན།  ཐེངས་གསུམ་པ་སྤྱི་ལོ་༢༠༠༡ ལོར་མཁར་ནང་དགོན། ཐེངས་བཞི་བ་ཕྱི་ལོ་༢༠༠༢ ལོར་འབུམ་རྙིང་དགོན། ཐེངས་ལྔ་པ་ཕྱི་ལོ་༢༠༠༣ ལོར་བོ་རོད་དགོན། ཐེངས་དྲུག་པ་ཕྱི་ལོ་༢༠༠༤ ལོར་ཟིལ་དཀར་དགོན། ཐེངས་བདུན་པ་སྤྱི་ལོ་༢༠༠༥ ལོར་འབུམ་གསར་དགོན། ཐེངས་བརྒྱད་པ་ཕྱི་ལོ་༢༠༠༦ ལོར་མང་དགེ་དགོན། ཐེངས་དགུ་པ་ཕྱི་ལོ་༢༠༠༧ ལོར་ཇོ་བོ་དགོན། ཐེངས་བཅུ་པ་ཕྱི་ལོ་༢༠༠༩ ལོར་འཇུ་མང་དགོན། ཐེངས་བཅུ་གཅིག་པ་ཕྱི་ལོ་༢༠༡༠ ལོར་སྒྲུབ་རྒྱུད་དགོན། ཐེངས་བཅུ་གཉིས་པ་ཕྱི་ལོ་༢༠༡༡ ལོར་བདེ་དགོན་དགོན། ཐེངས་བཅུ་གསུམ་པ་ཕྱི་ལོ་༢༠༡༢ ལོར་ཐར་ཤུལ་དགོན་དུ་འཚོགས་ཡོད་འདུག

Share this:
༡༥༠ ཀློག་གྲངས།