འཁྲུངས་སྐར་སྲུང་བརྩི།

ཟླ་འདིའི་ཚེས་༦ ཉིན་གྱི་ཞོགས་པར་ལྷོ་ཕྱོགས་མོན་གྷོ་ས་གནས་ཀྱི་གདན་ས་དང་གཞིས་གྲོང་ཁག་གི་སེར་སྐྱ་མི་མང་ཧ་ཅང་ཕོན་ཆེན་ནོར་བུ་རི་རྩེར་མཉམ་འཛོམས་ཐོག ༧གོང་ས་མཆོག་གི་སྐུ་པར་ལ་མཇལ་དར་སྒྲོན་འབུལ་དང་བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ། དེ་བཞིན་བསང་གསོལ་དང་རླུང་རྟ་སྒྲེང་འཛུགས་སོགས་བྱས་ཏེ་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།

2013_7_8_1དེ་རྗེས་སྐུ་མགྲོན་དང་སེར་སྐྱ་མི་མང་ཡོངས་གཞིས་སྤྱི་ཚོགས་ཁང་ཆེན་མོའི་ནང་མཉམ་འཛོམས་ཐོག ༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་དངོས་གཞིའི་མཛད་སྒོ་ཟབ་རྒྱས་ངང་སྲུང་བརྩི་ཞུས་སོང་ལ། ཐོག་མར་སྐུ་མགྲོན་རྣམས་ཀྱིས་དུས་འཁོར་ཕོ་བྲང་ནས་༧རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་མཛད་སྒོའི་བཞུགས་ཁྲིར་གདན་འདྲེན་དང་འབྲེལ་སྐུ་མགྲོན་རྣམས་ཀྱིས་མཇལ་དར་བསྒྲོན་འབུལ་དང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་རེད།

སྐུ་མགྲོན་གཙོ་བོ་མཆོག་ནས་སྐུ་དཔར་མདུན་དུ་སྣང་གསལ་མར་མེ་ཞལ་འབྱེད་གྲུབ་པ་དང་། ཚང་མ་སྐུ་བཞེངས་ཀྱིས་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བཏང་་རྗེས་། མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོག་ཚེ་རིང་དང་། ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་གཉིས་ཀྱིས་༧སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ཕུལ་བའི་རང་གཞུང་བཀའ་ཤག་དང་སྤྱི་མཐུས་གཉིས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་དང་སྐུའི་འཁྲུངས་སྐར་དང་འབྲེལ་བའི་ལམ་སྟོན་གསུང་བཤད་གནང་རྗེས། སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་མཆོག་སྤུལ་རིན་པོ་ཆེ་མཆོག་གིས་སྐུའི་འཁྲུངས་སྐར་དང་འབྲེལ་བའི་བཀའ་སློབ་གནང་དོན། ང་རང་ཚོས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱེད་རྒྱུའི་གོ་སྐབས་རག་པ་དེ་ཧ་ཅང་སྐལ་བ་བཟང་པོ་རེད། གཞིས་ལུས་རྒྱ་ཆེའི་མི་མང་ལ་མཚོན་ན་སྐུའི་འཁྲུངས་སྐར་སྲུང་བརྩི་བྱེད་རྒྱུའི་འདོད་པ་ཡོད་ཀྱང་དེའི་རང་དབང་རྩ་བ་ནས་ཡོད་པ་མ་རེད། འཁྲུངས་སྐར་སྲུང་བརྩི་བྱེད་རྒྱུ་ཙམ་མིན་པར་བཀའ་སྤྱི་གཉིས་ཀྱི་གསུང་འཕྲིན་ནང་ཡོད་པ་ནང་བཞིན་ང་རང་ཚོས་སོ་སོ་རང་ཉིད་ལ་བསྐུལ་ལྕགས་ཤིག་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད་དྲན་གྱི་ཡོད།  དེ་ཡང་ཆོས་དང་འཇིག་རྟེན་གང་ཐད་ནས་བཤད་ཀྱང་ང་རང་ཚོར་རྒྱལ་བློན་བྱང་ཆུབ་སེམས་དཔའ་གནམ་གྱི་ས་ཁེབས་པ་ལྟ་བུ་མང་པོ་བྱུང་ཡོད་པ་རེད།  ཡིན་ན་ཡང་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་༧གོང་ས་མཆོག་ལྟ་བུ་སུ་གང་གིས་སྐུ་ལས་བསྐྱོན་མཁན་བྱུང་ཡོད་པ་མ་རེད།  སོང་ཙང་༧གོང་ས་མཆོག་གི་བཀའ་གསུང་དང་ལེན་བྱེད་རྒྱུ་དང་ལྷག་པར་དུ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་ཤེས་པའི་ཐོག་ནས་ཆོས་སྲིད་གཉིས་ཕྱོགས་ཡོངས་ནས་རང་རང་སོ་སོའི་ནུས་ཚོད་ཀྱི་སྲི་ཞུ་མི་དམན་པ་རེ་བསྒྲུབ་ཐུབ་པའི་རེ་འདུན་ཞུ་བཞིན་ཡོད་ཅེས་སོགས་གསུངས་སོང་།

མོན་གྷོ་ས་གནས་གཞིས་བྱེས་ལྷན་ཚོགས་དང་། མོན་གྷོ་གཏན་ཉིན་སློབ་གྲྭའི་གཙོས་ས་གནས་སློབ་གྲྭ་ཁག་དང་གཞིས་གྲོང་ཁག་ཅིག་བཅས་ཀྱིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ལ་གཞས་སྣ་འདྲ་མིན་གཟིགས་འབུལ་གནང་གྲུབ་པ་དང་ཉིན་དེའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།

དེ་བཞིན་ཉིན་རྒྱབ་ཆུ་ཚོད་༣ གསུམ་པའི་ཐོག་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་རྐང་རྩེད་སྤོ་ལོའི་རྩེད་མོའི་རུ་ཁག་ཡོངས་ཀྱིས། བདུན་ཕྲག་གཅིག་རིང་རྩེད་འགྲན་བྱས་ཡོད་པ་ལྟར་ཨང་རིམ་རྩེར་སོན་གཉིས་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་རྩེད་འགྲན་བྱས་ཏེ།   རྒོ་བ་རུ་ཁག་ལ་ཨང་དང་པོ་དང་གཞིས་གྲོང་བརྒྱད་པའི་རྐང་སྤོལ་རུ་ཁག་ཨང་གཉིས་པའི་བྱ་དགའ་ཐོབ་ཡོད་པ་རེད།

མོན་གྷོ་གསར་འགོད་པས།

Share this:
༦༨ ཀློག་གྲངས།